ཟླ8པའི་ཚེས1ཉིན། ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་ཁོངས་གཏོགས་ཀྱི་སྒྲོན་སྟེགས་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཀྲིན་ཀྲུའུ་ཏང་གིས་ཉིན་དེར་དབྱི་སི་རལ་བྱང་རྒྱུད་ཀྱི་དམག་དོན་རྟེན་གཞི་དང་ཡིའུ་ཐའེ་པའི་གཞིས་ཆགས་ས་ཁུལ་དུ། ཁ་ཆིའུ་ཧྲ་ཞེས་པའི་མེ་ཤུགས་འཕུར་མདེལ་བཅུ་ཕྲག་འགའ་འཕངས་ནས། དབྱི་སི་རལ་གྱིས་ཉིན་དེའི་དུས་ཚོད་སྔ་ཤོས་སུ་ལེ་པཱ་ནུན་ལྷོ་རྒྱུད་ཀྱི་གྲོང་ཚོ་ཧྲི་མཱ་ལ་བར་སྣང་ནས་འཇབ་རྒོལ་བྱས་པར་འཁོན་ལན་བསློགས་ཟེར།
སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱིས་ཧྲི་མཱ་གྲོང་ཚོར་བར་སྣང་ནས་འཇབ་རྒོལ་བྱས་ནས་སི་རི་ཡའི་བུད་མེད་གཅིག་དང་བྱིས་པ3རྐྱེན་ལམ་དུ་བཏང་ཡོད་ཟེར།
གཞན་ཡང་ལེ་པཱ་ནུན་དམག་ཕྱོགས་ཀྱི་གནས་ཚུལ་སྤེལ་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ལེ་པཱ་ནུན་དམག་དཔུང་གིས་ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། ཉིན་དེར་མེ་ཤུགས་འཕུར་མདེལ70ཙམ་ཁག་གཉིས་སུ་བགོས་ནས་ལེ་པཱ་ནུན་གྱི་ཕྱོགས་ནས་དབྱི་སི་རལ་ཕྱོགས་སུ་འཕངས་པ་དེའི་ནང་། ཁག་གཅིག་དབྱི་སི་རལ་གྱི“ལྕགས་གུར”ཞེས་པའི་མཁའ་ཟོན་མ་ལག་གིས་བཀག་འགོག་བྱས་ཡོད་ཟེར།
གནས་ཚུལ་སྤེལ་མཁན་དེས་ད་དུང་བཤད་རྒྱུར། དབྱི་སི་རལ་གྱི་གནམ་གྲུས་ཉིན་དེར་ལེ་པཱ་ནུན་གྱི་ཤར་རྒྱུད་དང་དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་གྱི་མཁར་གྲོང་དང་གྲོང་རྡལ། གྲོང་ཚོ་བཅས7ལ་འཇབ་རྒོལ་ཐེངས7བྱས་ཡོད་ཅིང་། དབྱི་སི་རལ་གྱི་སྒྱོགས་དམག་གིས་ལེ་པཱ་ནུན་གྱི་གྲོང་རྡལ་དང་གྲོང་ཚོ11ལ་སྒྱོགས་མདེལ45འཕངས་ནས། ཁང་པ་བཅུ་ཕྲག་ཁ་ཤས་ལ་གཏོར་སྐྱོན་ཚབས་ཆེན་བཟོས་པར་མ་ཟད། དེ་འབྲེལ་གྱི་མེ་སྐྱོན་གང་མང་བྱུང་ཡོད་ཟེར།
ཟླ7པའི་ཚེས27ཉིན། དབྱི་སི་རལ་གྱིས་ཚོད་འཛིན་བྱས་པའི་ཀི་ལན་ས་མཐོའི་མཁར་གྲོང་མའེ་ཅིས་ཏའེ་ལི་ཧྲི་མུའུ་སིར་མེ་ཤུགས་འཕུར་མདེལ་གྱི་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི12རྐྱེན་ལམ་དུ་ཤོར་བ་དང་མི30ལྷག་ཙམ་ལ་རྨས་ཕོག དབྱི་སི་རལ་གྱིས་དེ་ནི་ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གིས་འཇབ་རྒོལ་བྱས་པ་རེད་ཅེས་བཤད་པར་མ་ཟད། དུས་ཡུན་ཉིན་ཁ་ཤས་རིང་དེ་འབྲེལ་གྱི་འཁོན་ལན་སློག་རྒྱུ་གཏན་འབེབས་བྱས། ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གིས་ཁོ་ཚོ་འཇབ་རྒོལ་དོན་རྐྱེན་དེ་དང་འབྲེལ་བ་མེད་ཅེས་ཁས་ལེན་མ་བྱས།
ཟླ7པའི་ཚེས30ཉིན། དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་རྒྱལ་ས་པེ་ལུའུ་ཐིའི་ལྷོ་འདབས་སུ་གནས་པའི། ཀྲིན་ཀྲུའུ་ཏང་གི་དམིགས་འབེན་ཁག་གཅིག་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ། ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གི་མཐོ་རིམ་དམག་དོན་བཀོད་འདོམས་དཔོན་ཧྥུའུ་ཨ་ཏི·ཧྲུའུ་ཁུའུ་ཨར་དང་མི་སེར5རྐྱེན་ལམ་དུ་བཏང་བ་དང་། གཞན་ཡང་མི74རྨས། ཟླ8པའི་ཚེས1ཉིན། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་འགོ་ཁྲིད་པ་ནཱ་སི་ལུའུ་ལཱ་ཡིས་ཧྲུའུ་ཁུའུ་ཨར་གྱི་དུར་འཇུག་མཛད་སྒོའི་སྟེང་འཁོན་ལན་སློག་རྒྱུའི་དམ་བཅའ་བཞག
བན་དེ་སྐྱབས་ཀྱིས་བསྒྱུར།