སོ་མཱ་ལེའི་ཉེན་རྟོག་ཕྱོགས་ཀྱིས་ཚེས3ཉིན་བདེན་དཔང་བྱས་པ་ལྟར་ན། སོ་མཱ་ལེའི་རྒྱལ་ས་མོ་ཀ་ཏེ་ཧྲའི་མིང་དུ་གྲགས་པའི་མཛེས་གྲོང་མཚོ་ཁའི་མགྲོན་ཁང་ལ་ཚེས2ཉིན་གྱི་དགོང་མོར་ཐལ་སྤྱོད་རྩ་འཛུགས་ན་གཞོན་ཏང་ཞེས་པ་དེའི་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་སོ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་རེ་གསུམ་ལ་རྨས་ཕོག་ཟེར།
ཉེན་རྟོག་ཕྱོགས་ཀྱིས་གསལ་བསྒྲགས་ནང་བཤད་རྒྱུར། འཇབ་རྒོལ་པས་ཐོག་མར་མགྲོན་ཁང་དུ་སྔོན་ནས་བཞག་པའི་འགད་རྫས་འགས་གཏོར་བཏང་ལ། དེའི་རྗེས་སུ་སོ་མཱ་ལེའི་བདེ་སྲུང་དམག་དཔུང་གནས་དེར་ཐོན་ནས། དྲག་ཆས་མི་སྣ་དང་འཐབ་འཁྲུག་དྲག་པོ་བརྒྱབ་སྟེ། འཇབ་རྒོལ་པ་ལྔ་བསད་པ་དང་། འཇབ་རྒོལ་པ་གཅིག་གིས་རང་གི་ལུས་སུ་བཅིངས་པའི་འགད་རྫས་འགས་གཏོར་བཏང་ནས་རྐྱེན་ལམ་དུ་ཤོར། སོ་མཱ་ལེའི་བདེ་སྲུང་དམག་དཔུང་གིས་མགྲོན་ཁང་དེར་བཀག་ཡོད་པའི་འགྲུལ་བ་རྣམས་རང་སར་འགྲོ་རུ་བཅུག་ཟེར།
ས་དེའི་སྨྱན་སྦྱོར་ལས་ཐོན་པའི་ཡུལ་དངོས་ཀྱི་བརྙན་རིས་དུམ་བུ་ཞིག་ལས་མངོན་པ་ལྟར་ན། འཇབ་རྒོལ་བྱུང་རྗེས། མི་མང་པོ་མགྲོན་ཁང་མདུན་གྱི་མཚོ་ཁ་རུ་འགྱེལ་ཡོད་ལ། ལ་ལ་རྐྱེན་ལམ་དུ་ཤོར་ཡོད་པ་དང་། ལ་ལར་རྨས་ལྗིད་མོ་ཕོག་ཡོད་ལ། ལ་ལས་རང་ཉིད་སྐྱོབ་རྒྱུའི་རེ་བ་ཞུ་བཞིན་འདུག་ཟེར།
ན་གཞོན་ཏང་ཞེས་པ་དེས་འཇབ་རྒོལ་དེ་ཁོ་ཚོས་བཟོས་པ་ཡིན་ཞེས་བསྒྲགས་ལ། སོ་མཱ་ལེའི་སྲིད་གཞུང་གིས་དེར་རྒོལ་གཏམ་དྲག་པོ་བཏང་།
སོ་མཱ་ལེའི་ན་གཞོན་ཏང་ཞེས་པ་ནི་རྟེན་གཞི་རྩ་འཛུགས་དང་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་ལ། ཉེ་བའི་ལོ་འགའི་རིང་དེས་སོ་མཱ་ལེ་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཏུ་འཇིགས་སྐུལ་འཇབ་རྒོལ་ཐེངས་མང་སྤེལ་མྱོང་།
ཤ་བོ་རིན་མཚོས་བསྒྱུར།