དབྱི་སི་རལ་གྱི་དམག་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་བྱང་ཕྱོགས་སུ་འཇབ་རྒོལ་བྱས་ཏེ་མི་ལྔ་རྐྱེན་ལམ་དུ་བཏང་།
2024.08.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཕ་ལེ་སི་ཐན་གྱི་གསར་འགྱུར་ཁང་གིས་ཚེས3ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཞོགས་པར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་བྱང་ཕྱོགས་སུ་ཡོད་པའི་གྲོང་ཁྱེར་ཐུའུ་ལེ་ཁའེ་ཨར་མུའུ་ཡི་ཉེ་འདབས་ས་ཁུལ་ལ་འཇབ་རྒོལ་བྱས་ཏེ། མི་ལྔ་རྐྱེན་ལམ་དུ་བཏང་སོང་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་དམག་དཔུང་གི་མི་མེད་གནམ་གྲུས་ཐུའུ་ལེ་ཁའེ་ཨར་མུའུ་གྲོང་ཁྱེར་བྱང་ཕྱོགས་ཀྱི་ལམ་ཞིག་གི་སྟེང་དུ་ཡོད་པའི་རླངས་འཁོར་ཞིག་ལ་འཕུར་མདའ་གཉིས་འཕངས་པ་དང་། རླངས་འཁོར་ནང་གི་མི་ལྔ་པོ་ཚང་མ་རྐྱེན་ལམ་དུ་ཤོར། དབྱི་སི་རལ་གྱི་དམག་གིས་བར་སྣང་འཇབ་རྒོལ་གྱི་རྗེས་སུ་ས་དེ་བཀག་སྡོམ་བྱས་ཏེ། ས་དེའི་མང་ཚོགས་གནས་དེར་བཅར་བར་བཀག་འགོག་བྱས་ཟེར།

ཕ་ལེ་སི་ཐན་བདེ་འཇགས་སྡེ་ཁག་གི་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། འདས་པོའི་ཁྲོད་དུ་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ཁཱ་སང་དམག་དཔུང་ཞེས་པ་དེའི་བཀོད་འདོམས་པ་ཞིག་ཀྱང་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་དམག་གི་གནམ་གྲུས་ཐུའུ་ལེ་ཁའེ་ཨར་མུའུ་ས་ཁུལ་གྱི་རླངས་འཁོར་ཞིག་དང་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་ཡིན་ཟེར།

ཤ་བོ་རིན་མཚོས་བསྒྱུར།