ཟླ8པའི་ཚེས2ཉིན། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་དོན། ཨ་མེ་རི་ཁའི་དམག་དཔུང་གིས་དབུས་ཤར་ས་ཁུལ་དུ་དམག་འཐབ་གནམ་གྲུ་དང་དམག་གྲུ་སྔར་ལས་གང་མང་མངགས་གཏོང་བྱེད་རྒྱུ་ཡིན་ལ། དེའི་དམིགས་ཡུལ་ནི་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་འགོ་ཁྲིད་པ་ལྐོག་གསོད་བྱས་རྗེས། ས་ཁུལ་གྱི་འགལ་བ་སྔར་ལས་ཛ་དྲག་ཅན་དུ་མི་འགྲོ་བའི་ཆེད་དུ་དབྱི་སི་རལ་ལ་རོགས་འདེགས་བྱས་པ་ཡིན་ཟེར།
རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ལའོ་ཨའེ་ཏི·ཨའོ་སི་ཐིན་གྱིས་མདེལ་ལམ་འཕུར་མདེལ་གཏོར་སྐྱོན་གཏོང་ཐུབ་པའི་མཚོ་དམག་གི་མཚོ་སྐོར་དམག་གྲུ་དང་མཐར་སྐྲོད་དམག་གྲུ་སྔར་ལས་གང་མང་དབུས་ཤར་ས་ཁུལ་དང་ཡོ་རོབ་ཏུ་གཏོང་རྒྱུའི་ཆོག་མཆན་སྤྲད་པར་མ་ཟད། ད་དུང་དབུས་ཤར་ས་ཁུལ་དུ་དམག་འཐབ་གནམ་གྲུའི་རུ་ཁག་འབྲིང་བ་ཞིག་ཁ་སྣོན་བྱ་རྒྱུ་ཐག་བཅད། ཟུར་ལྔའི་ཐོག་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། བྱེད་ཐབས་དེའི་དམིགས་ཡུལ་ནི། “ཨ་མེ་རི་ཁ་ཕྱོགས་ཀྱི་དམག་དོན་སྲུང་སྐྱོང་སྟོབས་ཤུགས་མངོན་སུམ་ཆེ་རུ་གཏོང་བ་དང་། དབྱི་སི་རལ་གྱི་རྒྱལ་སྲུང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཨ་མེ་རི་ཁས་བསམ་ཡུལ་ལས་འདས་པའི་གནས་ཚུལ་སྣ་ཚོགས་ལ་ཁ་གཏད་འཇལ་ཆེད་གྲ་སྒྲིག་བྱས་པ་ཞིག་ཡིན་ཟེར།
གཞན་ཡང་ཨ་མེ་རི་ཁའི་མཚོ་དམག་གི“ཞིས་ཨའོ་ཏུའོ·ལའོ་སི་ཧྥུའུ”རྟགས་ཅན་གྱི་གྲུ་གཟིངས་ཆེན་མོའི་རྡུང་རྡེག་གཏོང་ཚོགས་མིག་སྔར་དབུས་ཤར་ས་ཁུལ་དུ་བཅའ་སྡོད་བྱས་ཡོད་པ་དང་། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཨའོ་སི་ཐིན་གྱིས་རེས་སྐོར་འདིའི་ལས་འགན་ཡོངས་འགྲུབ་བྱས་པ་ན། “ཡ་པའོ་ལ་ཧན·ལིན་ཁིན”རྟགས་ཅན་གྱི་གཟིངས་ཆེན་རྡུང་རྡེག་གཏོང་ཚོགས་དེའི་ཚབ་བྱེད་དུ་མངགས་རྒྱུའི་གཏན་འབེབས་བྱས། ཟུར་ལྔའི་ཐོག་ཁང་གིས་ད་དུང་དབུས་ཤར་ས་ཁུལ་དུ་སྐམ་སའི་མདེལ་ལམ་འཕུར་མདེལ་འགོག་སྲུང་མ་ལག་སྔར་ལས་གང་མང་བཀོད་སྒྲིག་བྱེད་འཆར་ཡོད།
ཧ་མ་སིའི་ཆབ་སྲིད་ཅུའུ་ཡི་འགོ་ཁྲིད་པ་དབྱི་སི་མེ་ཨར·ཧ་ཉིས་ཡ་ཟླ7པའི་ཚེས31ཉིན་གྱི་ཐོ་རེངས་ཀྱི་སྐབས་སུ། དབྱི་ལང་གི་མངའ་ཁོངས་སུ་ལྐོག་གསོད་བྱས་ནས་རྐྱེན་ལམ་དུ་བཏང་། རེས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་འཁྲུག་རྩོད་བྱུང་བ་ནས་བཟུང་། ཧ་མ་སིའི་མཐོ་རིམ་ཁོངས་མི་མང་པོ་ཞིག་ལྐོག་གསོད་བྱས། ཧ་མ་སི་དང་དབྱི་ལང་ཕྱོགས་ཀྱིས་དབྱི་སི་རལ་གྱིས་ལྐོག་གསོད་དོན་རྐྱེན་རབ་དང་རིམ་པ་བཟོས་པ་ཁས་ལེན་བྱས་ཡོད། དབྱི་སི་རལ་ཕྱོགས་ཀྱིས་ལྐོག་གསོད་བྱས་པ་ཁས་ལེན་བྱས་མེད་པར་མ་ཟད། དེ་ལས་ལྡོག་སྟེ་དབྱི་སི་རལ་སྲིད་གཞུང་དང་དམག་ཕྱོགས་ཀྱིས་ཧ་མ་སིའི་སྟོབས་ཤུགས་ཚར་གཅོད་བྱ་རྒྱུ་ཡིན་ཞེས་ཡོངས་བསྒྲགས་བྱས། དབྱི་ལང་དང་ཧ་མ་སི། ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་སོགས་ས་ཁུལ་གྱི་མནའ་གྲོགས་ཀྱིས་དབྱི་སི་རལ་ལ་འཁོན་ལན་སློག་རྒྱུའི་དམ་བཅའ་བཞག་པར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཅན་དུ་འཕེལ་ངེས་པར་སེམས་ཁྲལ་བྱེད་ཀྱིན་ཡོད།
ཕོ་བྲང་དཀར་པོས་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་གྱིས་ཟླ་འདིའི་ཚེས1ཉིན་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉིས་ཡ་ཧུའུ་ལ་ཁ་པར་གྱི་ལམ་ནས་འབྲེལ་གཏུག་བྱས་ནས། ཨ་མེ་རི་ཁས་དབུས་ཤར་ས་ཁུལ་གྱི་དམག་ཤུགས་བཀོད་སྒྲིག་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་རྒྱུ་དང་། དབྱི་སི་རལ་གྱིས་འཕུར་མདེལ་དང་མི་མེད་གནམ་གྲུ་སོགས་ཀྱི་འཇབ་རྒོལ་ལ་ཁ་གཏད་འཇལ་རྒྱུར་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།