མཱ་ལིས་རྒྱལ་ཁབ་ཀྱིས་མྱུར་དུ་ཝུའུ་ཁི་ལན་དང་འབྲེལ་མཚམས་གཅོད་རྒྱུ་ཁྱབ་སྒྲོག་བྱས།
2024.08.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

པཱ་མཱ་ཁི་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། མཱ་ལིས་རྒྱལ་ཁབ་ཀྱི་བར་བརྒལ་སྲིད་གཞུང་གིས་ཚེས4ཉིན་སྤྱི་བསྒྲགས་སྤེལ་ནས། མྱུར་དུ་ཝུའུ་ཁི་ལན་དང་འབྲེལ་མཚམས་གཅོད་རྒྱུ་ཁྱབ་སྒྲོག་བྱས་ཟེར།

སྤྱི་བསྒྲགས་ནང་མཱ་ལིས་བར་བརྒལ་སྲིད་གཞུང་གིས་ཝུའུ་ཁི་ལན་གྱི་དམག་དོན་གསང་འཕྲིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཡིའུ་སུའོ་ཧྥུའུ་ཡིས་ཉེ་ལམ“རྩ་སློག་རང་བཞིན”གྱི་གཏམ་བཤད་སྤེལ་བར་དོ་སྣང་བྱུང་བ་དང་། གཏམ་བཤད་ལས་ཝུའུ་ཁི་ལན་དྲག་ཆས་འཇིགས་སྐུལ་ཚོགས་པས་སྤེལ་བའི་འཇབ་རྒོལ་ལ་ཞུགས་ཏེ། མཱ་ལིས་རྒྱལ་ཁབ་ཀྱི་ཤར་བྱང་ཁུལ་གྱི་འཐབ་འཁྲུག་ཁྲོད་མཱ་ལིས་ཕྱོགས་ཀྱི་མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད་པ་ཁས་བླངས་ཡོད་ཟེར།

སྤྱི་བསྒྲགས་ནང་བཤད་རྒྱུར། ཝུའུ་ཁི་ལན་སྲིད་གཞུང་གི་བྱ་སྤྱོད་དེས“མཱ་ལིས་བདག་དབང་ལ་བཙན་གནོད་བྱས་པ་དང་། ཕྱི་རྒྱལ་གྱིས་ཐེ་གཏོགས་བྱེད་པའི་ཁྱབ་ཁོངས་ལས་བརྒལ་ཞིང་། མཱ་ལིས་ལ་མངོན་གསལ་དོད་པོས་བཙན་འཛུལ་བྱས་ཡོད”པས། མཱ་ལིས་བར་བརྒལ་སྲིད་གཞུང་གིས་མྱུར་དུ་ཝུའུ་ཁི་ལན་དང་འབྲེལ་མཚམས་གཅོད་རྒྱུའི་ཐག་བཅད་པ་ཡིན་ཟེར།

མཱ་ལིས་དྲག་ཆས་དམག་དཔུང་གིས་ཟླ7པའི་ཚེས30ཉིན་བཤད་རྒྱུར། མཱ་ལིས་དམག་མི་ལ་ཟླ7པའི་ཚེས26ཉིན་རྒྱལ་ཁབ་དེའི་ཤར་བྱང་རྒྱུད་དང“འཇིགས་སྐུལ་སྟོབས་ཤུགས་མནའ་འབྲེལ”གྱི་དམག་འཐབ་ཁྲོད་དུ་ཤི་རྨས་ཚབས་ཆེན་བྱུང་ཡོད་ཟེར།

2012ལོའི་ཟླ3པར་མཱ་ལིས་རུ་དམག་དོན་སྲིད་འགྱུར་བྱུང་བ་དང་། ཐུའུ་ཨ་ལེ་ཀི་ཞེས་པའི་དྲག་ཆས་རྩ་འཛུགས་ཀྱི་དྲག་ཆས་མི་སྣས་གོ་སྐབས་དེ་དང་བསྟུན་ནས་དཔུང་འཇུག་བྱས་ཏེ་བྱང་རྒྱུད་ཀྱི་ཅིས་ཏ་ཨར་སོགས་ས་ཁུལ་ཆེན་པོ་གསུམ་གྱི་ལྟེ་བའི་གྲོང་ཁྱེར3བཙན་བཟུང་བྱས་པ་རེད། 2015ལོའི་ཟླ5པར་མཱ་ལིས་སྲིད་གཞུང་དང་བྱང་རྒྱུད་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་ཁ་ཤས་བར་ཞི་བདེ་དང་འགྲིག་མཐུན་གྱི་གྲོས་མཐུན་བཀོད་ལ། ལོ་དེའི་ཟླ6པར་ཕྱོགས་སོ་སོས་མཇུག་མཐའི་གྲོས་མཐུན་བཀོད་པ་རེད། འོན་ཀྱང་མཱ་ལིས་བྱང་རྒྱུད་ས་ཁུལ་དུ་ཉེ་བའི་ལོ་འགའི་རིང་ལ་འཁྲུག་རྩོད་སྔར་བཞིན་རྒྱུན་མ་ཆད་པར་བྱུང་བ་དང་། དབུས་རྒྱུད་དང་ལྷོ་རྒྱུད་ས་ཁུལ་དུ་དྲག་ཤུགས་འཇབ་རྒོལ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད།

ཚེ་རིང་སྒྲོལ་མས་ཡིག་སྒྱུར་བྱས།