དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་མཁར་གྱི་སློབ་གྲྭ་གཉིས་ལ་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི25རྐྱེན་ལམ་དུ་ཤོར།
2024.08.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས4ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་མཁར་གྱི་སློབ་གྲྭ་གཉིས་ལ་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས4ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་དང་དབྱི་སི་རལ་གྱི་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡིས་ཉིན་དེར་གསང་འཕྲིན་གཞིར་བཟུང་སྟེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་བཀོད་འདོམ་དང་ཚོད་འཛིན་ལྟེ་གནས་སུ་འགུལ་སྐྱོད་བྱེད་པའི་དྲག་ཆས་མི་སྣར་འཇབ་རྒོལ་བྱས་པ་དང་། ལྟེ་གནས་དེ་ཅཱ་ཧྲ་མཁར་གྱི་སློབ་གྲྭ་གཉིས་ན་ཡོད་ཟེར།

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། འཇབ་རྒོལ་ཐེབས་པའི་སློབ་གྲྭ་དེ་ཅཱ་ཧྲ་མཁན་ནུབ་ཕྱོགས་ཀྱི་ནཱ་སེ་ཨར་སྡེ་ཁུལ་དུ་ཡོད་པ་དང་། གནས་དེར་ཡུལ་འཁྱམས་བྱེད་པའི་མང་ཚོགས་མང་བོ་བསྡུ་ལེན་བྱས་ཡོད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སི་ཡིས་སློབ་གྲྭ་དེ་དག་དྲག་ཆས་མི་སྣའི་སྦས་སྐོང་བྱེད་སར་བྱས་ཡོད་པ་དང་། གནས་དེར་དབྱི་སི་རལ་ལ་དམིགས་པའི་འཇབ་རྒོལ་འཆར་འགོད་དང་ལག་བསྟར་བྱེད་བཞིན་ཡོད་པས། དབྱི་སི་རལ་གྱི་དམག་དཔུང་གིས་གནད་འཁེལ་འགས་གཏོར་སོགས་ཀྱི་བྱེད་ཐབས་མང་བོ་སྤྱད་དེ་མི་སེར་དཀྱུས་མར་རྨས་ཕོག་པའི་ཉེན་ཁ་ཇེ་ཆུང་དུ་བཏང་ཡོད་ཟེར།

ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས4ཉིན་གྱི་སྔ་དྲོར་སྤེལ་བའི་གཞི་གྲངས་ལྟར་ན། འདས་པའི་དུས་ཚོད24རིང་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་མི33རྐྱེན་ལམ་དུ་ཤོར་བ་དང་། མི118ལ་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།