དབྱི་ལིང་སྨྱན་བྱད་ཀྱིས་ཚེས3ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གིས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཆབ་སྲིད་མགོ་ཁྲིད་པ་ཧཱ་ནེ་ཡཱ་ལ་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་བའི་བྱེ་བྲག་གི་གནས་ཚུལ་ཁྱབ་བསྒྲགས་བྱས།
དབྱི་ལིང་གི་མེད་ཧི་ཨར་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་དབྱི་སི་ལན་གསར་བརྗེའི་ཉེན་སྲུང་རུ་ཁག་གིས་ཚེས3ཉིན་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་འགུལ་སྐྱོད་ནི་དབྱི་སི་རལ་གྱིས་འཆར་འགོད་དང་ལག་བསྟར་བྱས་པ་ཡིན་ལ། ཨ་མེ་རི་ཁའི་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་ཡོད་ཟེར། རྟོག་ཞིབ་བྱས་པ་ལྟར་ན། འཇིགས་སྐུལ་ཉེས་ཅན་གྱིས་ཧཱ་ནེ་ཡཱའི་སྡོད་གནས་ཀྱི་ཕྱི་རོལ་ནས་མདེལ་མགོའི་ལྗིད་ཚད་ལ་སྤྱི་རྒྱ་བདུན་ཙམ་ཡོད་པའི་ཐུང་འཕེན་འཕུར་མདའ་ཞིག་གཏོང་འཕེན་བྱས་ནས་འགས་གཏོར་དྲག་པོ་བྱུང་བ་རེད་ཟེར།
དབྱི་སི་ལན་གསར་བརྗེའི་ཉེན་སྲུང་རུ་ཁག་གིས་ནན་གྱིས་བསྟན་དོན། དབྱི་ལིང་གིས་ཧཱ་ནེ་ཡཱའི་ཆེད་འཁོན་ལན་སློག་རྒྱུ་ཡིན་པ་དང་། དབྱི་སི་རལ་སྲིད་དབང་ལ་དུས་ཚོད་དང་ས་གནས་འོས་འཚམ་གྱི་སྐབས་སུ་ཆད་གཅོད་ནན་མོ་ཐེབས་སྲིད་པ་ཁོ་ཐག་ཡིན་ཟེར།
གཞན་ཡང་དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་དབྱི་ལིང་དུ་སྡོད་པའི་ཧཱ་མཱ་སིའི་འཐུས་མི་ཁཱ་ཏུའུ་མུས་ཀྱིས་བཤད་རྒྱུར། ཡུལ་དངོས་ནས་བརྡར་གཅོད་བྱས་པ་ལྟར་ན། འཇབ་རྒོལ་དེ་ནི་བར་སྣང་ནས་འཕུར་མདའ་གཏོང་འཕེན་བྱེད་པའི་ཐབས་ཀྱིས་ལག་བསྟར་བྱས་པ་རེད། དབྱི་ལིང་གི་ལག་རྩལ་ཚན་ཆུང་གིས་དོན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ལ། རྟོག་ཞིབ་མཇུག་འབྲས་དེའི་རྗེས་སུ་ཁྱབ་བསྒྲགས་བྱེད་རྒྱུ་རེད་ཟེར།
ཁཱ་ཏུའུ་མུས་ཀྱིས་ཨ་མེ་རི་ཁའི་ཉིག་ཡོ་སྐབས་དོན་ཚགས་པར་གྱིས་བསྒྲགས་པའི་སྔོན་ནས་བཞག་པའི་འགད་རྫས་འགས་གཏོར་བྱུང་བ་ལས་ཧཱ་ནེ་ཡཱ་ཚེ་ལས་འདས་པའི་བཤད་ཚུལ་དེ་ཁས་ལེན་མ་བྱས། ཁོས་བཤད་རྒྱུར། ཧཱ་ནེ་ཡཱ་བསྡད་ཡོད་པའི་ཐོག་ཁང་དེར་ཡོམ་འགུལ་བྱུང་བ་དང་། ཁོ་མྱུར་མོར་ཁང་བ་ལས་ཕྱིར་བུད་དུས་དུད་ནག་ལང་ལོང་དུ་འཐིབ་བཞིན་ཡོད། ཁོ་དང་ཚོགས་ཁག་ཧཱ་ནེ་ཡཱ་ཡོད་སའི་བཞི་ཐོག་གི་ཁང་བའི་ནང་འབྱོར་དུས། ཁང་བའི་རྩིག་ངོས་དང་ཁང་ཀླད་རྡིབས་ཡོད་པ་དང་། ཧཱ་ནེ་ཡཱ་བསད་ཡོད་པ་ཤེས་ཟེར། ཁོས་ནན་གྱིས་བསྟན་དོན། དབྱི་སི་རལ་གྱིས་ཨ་མེ་རི་ཁས་ཤེས་པ་དང་ཡིད་འཐད་བྱུང་བའི་གནས་ཚུལ་འོག་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་འཆར་འགོད་དང་ལག་བསྟར་བྱས་པ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།