སྐབས་གཉིས་པའི་ཀྲུང་གོ་དང་ཝུན་ལའེ་ཡི་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ།
2024.08.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

སྐབས་གཉིས་པའི་ཀྲུང་གོ་དང་ཝུན་ལའེ་ཡི་རིག་གནས་སྒྱུ་རྩལ་དུས་ཆེན་ཚེས3ཉིན་ཝུན་ལའེ་ཡི་རྒྱལ་ས་སི་ལི་པཱ་ཅཱ་ཝན་གྲོང་ཁྱེར་དུ་སྤེལ།

ཐེངས་འདིའི་བྱ་འགུལ་ནི་ཝུན་ལའེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ནན་ཅིན་གྲོང་ཁྱེར་ཕྱི་ཕྱོགས་འབྲེལ་གཏུག་གཞུང་སྒྲུབ་ཁང་། ཝུན་ལའེ་ཡི་ན་གཞོན་ལུས་རྩལ་པུའུ་བཅས་ཀྱིས་མཉམ་དུ་སྤེལ་བ་ཡིན་ཞིང་། དྲག་རྩལ་དང་ཡིག་གཟུགས་རི་མོ། གདོང་འགྱུར་ཟློས་གར། ཇའི་སྒྱུ་རྩལ་སོགས་ཡུལ་དངོས་ཀྱི་འཁྲབ་སྟོན་དང་། རིག་གནས་རིག་གཞུང་གི་འཆད་ཁྲིད་དང་རི་མོའི་འགྲེམ་སྟོན་སོགས་འདུས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་སྒྱུ་རྩལ་དང་རིག་གཞུང་ལས་རིགས། སྲིད་གཞུང་ལས་ཁུངས་སོགས་ཀྱི་མི200ལྷག་གི་བློ་ཁ་བཀུག་ནས་བྱ་འགུལ་ལ་ཞུགས་ཡོད།

ཝུན་ལའེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཞའོ་ཅན་གོ་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཀྲུང་གོ་དང་ཝུན་ལའེ་ནི་རྒྱ་མཚོས་ཆོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་བར་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན། ལོ་ངོ600ལྷག་གི་ཡར་སྔོན་ཀྱི་ཀྲིན་ཧི་ཡིས་ཁྲིད་པའི་གྲུ་གཟིངས་རུ་ཁག་ཐེངས་གཉིས་ལ་ཝུན་ལའེ་བརྒྱུད་པ་རེད། ནན་ཅིན་གྲོང་ཁྱེར་གྱི་པའོ་ནེ་རྒྱལ་བོའི་བང་སོ་དང་སི་ལི་པཱ་ཅཱ་གྲོང་ཁྱེར་གྱི་རྒྱལ་བོའི་དམག་ལམ། དེ་མིན་ཝུན་ལའེ་ཡི་མཚོ་དོན་རྟེན་མཛོད་ཁང་དུ་ཡོད་པའི་རྒྱ་མཚོར་ནུབ་པའི་གྲུ་གཟིངས་ལས་ཕྱིར་བླངས་པའི་ཀྲུང་གོའི་གནའ་བོའི་རྫ་དཀར་ཡོ་ཆས་སོགས་ནི་ཀྲུང་གོ་དང་ཝུན་ལའེ་ཡི་མཛའ་མཐུན་གྱི་ལོ་རྒྱུས་བདེན་དཔང་ཡིན་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། ཀྲུང་གོ་དང་ཝུན་ལའེ་ཡིས1991ལོར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་རིག་གནས་བརྗེ་རེས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་སོང་བ་དང་། ལོ་རེར་ཝུན་ལའེ་ནས་བསྡུ་བཞིན་པའི་ཀྲུང་གོའི་ཉིན་མོ་སོགས་རིག་གནས་བྱ་འགུལ་ལ་ཝུན་ལའེ་ཡི་སྤྱི་ཚོགས་ལས་རིགས་སོ་སོའི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།