ཀྲུང་གོ་དང་ཧན་གོའི་ན་གཞོན་བརྗེ་རེས་ཚོགས་འདུ་དང་དུས་སྐབས་གྱོན་ཆས་སྒྱུ་རྩལ་བརྗེ་རེས་ཀྱི་ཡིག་ཆའི་འགྲེམ་སྟོན་དེ་ཧྲིག་ཨར་ནས་སྤེལ།
2024.08.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

དཔལ་ཡོན་གྱི་གཏམ་རྒྱུད་དེ་ཀྲུང་གོ་དང་ཧན་གོའི་ན་གཞོན་བརྗེ་རེས་ཚོགས་འདུ་དང་། འབྲེལ་མཐུད་གཞོགས་འདེགས་ཏེ་ཀྲུང་གོ་དང་ཧན་གོའི་དུས་སྐབས་གྱོན་ཆས་སྒྱུ་རྩལ་བརྗེ་རེས་ཀྱི་ཡིག་ཆའི་འགྲེམ་སྟོན་ཚེས་གསུམ་ཉིན་ཧན་གོའི་ཧྲིག་ཨར་ནས་བསྡུས། ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་རིག་གནས་སྒྱུ་རྩལ་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་ན་གཞོན་གྱི་འཐུས་མི་སོགས་མི90ཙམ་ཚོགས་འདུར་ཞུགས།

ན་གཞོན་གྱི་བརྗེ་རེས་དུས་རིམ་ནང་། རྒྱལ་ཁབ་གཉིས་ཀྱི་སྐུ་མགྲོན་གྱིས་རང་རང་གི་དཔལ་ཡོན་གཏམ་རྒྱུད་མཉམ་སྤྱོད་བྱས། ཁོས་ཚོས་བསྟན་དོན། བརྗེ་རེས་མུ་མཐུད་དུ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་ན་གཞོན་བར་གྱི་ཕན་ཚུན་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་བརྩེ་བར་སྐུལ་འདེད་བཏང་ནས་མཛེས་སྡུག་དང་མཉམ་ལས་ཀྱི་མ་འོངས་པ་མཉམ་སྐྲུན་བྱེད་པར་རེ་བཞིན་ཡོད་ཟེར།

བྱ་འགུལ་སྤེལ་སྐབས། རྒྱལ་ཁབ་གཉིས་ཀྱི་སྐུ་མགྲོན་གྱིས་མམ་དུ་འབྲེལ་མཐུད་གཞོགས་འདེགས་ཏེ་ཀྲུང་གོ་དང་ཧན་གོའི་དུས་སྐབས་གྱོན་ཆས་སྒྱུ་རྩལ་བརྗེ་རེས་ཀྱི་ཡིག་ཆའི་འགྲེམ་སྟོན་ལ་བལྟས་ནས། ཀྲུང་གོ་དང་ཧན་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ30འགོར་བའི་རིང་གི་དུས་སྐབས་གྱོན་ཆས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་འགྲེམ་སྟོན་བྱས་ནས་ཕྱིར་དྲན་བྱས།

ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་ཕྱི་ཕྱོགས་ཁྱབ་གདལ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་བས་ཞུ་ཚིག་འབུལ་སྐབས་བསྟན་དོན། ན་གཞོན་ནི་དུས་རབས་ཀྱི་གདོང་ལེན་པ་དང་། འཛམ་གླིང་གི་མ་འོངས་པ་ཡིན་ལ། མིའི་རིགས་ཀྱི་དཔལ་ཡོན་གྱི་རྒྱུན་འཛིན་པ་དང་གསར་གཏོད་མཁན་ཡིན་པར་མ་ཟད། རིག་གནས་བརྗེ་རེས་ཀྱི་ཟབ་ཞུགས་མཁན་ཆེས་བཟང་བོའང་ཡིན། ཀྲུང་གོ་དང་ཧན་གོའི་ན་གཞོན་གྱིས་སྒོ་འབྱེད་ཀྱི་སེམས་ཁམས་དང་དཀྱེལ་ཡངས་ཀྱི་སྙིང་སྟོབས་ཀྱིས་ཕན་ཚུན་གྱི་བསམ་བློ་དང་བསམ་འཆར་བརྗེ་རེས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དཔལ་ཡོན་བརྗེ་རེས་དང་དཔེར་ལེན་བྱ་བ་གཏིང་ཟབ་ཏུ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

ཧན་གོའི་ཨེ་ཤ་ཡཱའི་རིག་གནས་ལྟེ་གནས་ཀྱི་ཡོན་ཀྲང་ལུའུ་ཙེ་ཞན་གྱིས་བསྟན་དོན། ན་གཞོན་ནི་ཧན་གོ་དང་ཀྲུང་གོའི་མཛའ་མཐུན་བརྗེ་རེས་ཀྱི་གཙོ་ཤུགས་དམག་དཔུང་ཡིན་པ་དང་། ཧན་གོ་དང་ཀྲུང་གོའི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ཀྱི་རེ་བའང་ཡིན། ཐེངས་འདིའི་བྱ་འགུལ་གོ་སྐབས་སུ་བྱས་ཏེ། གཅིག་འབྲེལ་གྱི་རིག་གནས་ཀྱི་ནང་དོན་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་ན་གཞོན་གྱི་བར་ཐག་ཇེ་ཉེར་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བར་རེ་བཞིན་ཡོད་ཟེར།

ཐེངས་འདིའི་བྱ་འགུལ་ནི་ཀྲུང་གོའི་ཕྱི་ཡིག་ཅུའུ་རྒྱལ་སྤྱིའི་དྲིལ་སྒྲོག་འཕེལ་རྒྱས་ལྟེ་གནས་དང་ཀྲུང་དབྱང་མཛེས་རྩལ་སློབ་གླིང་སོགས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།