དབྱིན་ཇིའི་སྲིད་གཞུང་གིས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་ཟིང་འཁྲུག་ཐག་གཅོད་བྱེད་པར་གྲོས་བསྡུར་བྱས།
2024.08.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

དབྱིན་ཇིའི་སྲིད་གཞུང་གིས་ཚེས5ཉིན་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། བསྟུད་མར་ཉིན་འགའི་རིང་དབྱིན་ཇིའི་ས་ཁུལ་མང་བོར་ཟིང་འཁྲུག་བྱུང་བ་ཐག་གཅོད་བྱེད་པར་གྲོས་བསྡུར་བྱས།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་ཡིས་གྲོས་ཚོགས་གྲོལ་རྗེས་བསྟན་དོན། དབྱིན་ཇི་ཡིས་ཆེད་ལས་ཀྱི་ཉེན་རྟོག་པས་གྲུབ་པའི་རྒྱུན་གྲབས་དམག་དཔུང་ཞིག་རྩ་འཛུགས་བྱས་ཏེ་ཉེན་རྟོག་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་པ་དང་། དོན་རྐྱེན་བཟོ་མཁན་གྱི་ཉེས་དོན་ཁྲིམས་འཛིན་རྩད་གཅོད་ལ་ཤུགས་སྣོན་བྱས་ཏེ་ཟིང་འཁྲུག་ལ་ཞུགས་མཁན་དག་ལ་བཅའ་ཁྲིམས་ཀྱི་བཀག་སྡོམ་ཐེབས་པར་བྱེད་རྒྱུ་ཡིན་ཟེར། དབུ་བཞུགས་བློན་ཆེན་གྱི་མགྲིན་ཚབ་པས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱིན་ཇིའི་ཁྲིམས་ཁང་གིས་དགོས་མཁོ་ལྟར་ཁྲིམས་རའི་ཚོགས་ཡུན་ཇེ་རིང་དུ་བཏང་ནས། ཟིང་འཁྲུག་ལ་ཞུགས་མཁན་དག་ལ་བཅའ་ཁྲིམས་ཀྱི་བཀག་སྡོམ་ཐེབས་པར་འགན་སྲུང་བྱེད་དགོས་ཟེར།

དབྱིན་ཇིའི་རྒྱལ་ཁབ་ཉེན་རྟོག་ཅུའུ་ཀྲང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སི་ཏིས་ཧྥུན་སི་ཡིས་བསྟན་དོན། འདས་པའི་གཟའ་འཁོར་གཅིག་གི་ནང་དབྱིན་ཇི་ནས་ཟིང་འཁྲུག་ལ་ཞུགས་པའི་མི378འཛིན་བཟུང་བྱས་པ་དང་། སྔར་ལས་མང་བའི་དོན་རྐྱེན་བཟོ་མཁན་ཉེན་རྟོག་ཕྱོགས་ཀྱིས་ངོས་འཛིན་བྱས་པ་དང་བསྟུན་ནས། འཛིན་བཟུང་བྱས་པའི་མི་གྲངས་བསྟུད་མར་ཇེ་མང་དུ་འགྲོ་བཞིན་ཡོད་ཟེར།

དབྱིན་ཇིའི་དབྱིན་ཀི་ལན་ནུབ་བྱང་ཕྱོགས་ཀྱི་མའོ་ཞི་སེ་ཏི་རྫོང་ཧྲའོ་སི་པའོ་ཐི་གྲོང་རྡལ་དུ་ཟླ7པའི་ཚེས29ཉིན་གྲི་བཟུང་ནས་འཇབ་རྒོལ་བྱས་པའི་དོན་རྐྱེན་ཞིག་བྱུང་། ལོ་བཅུ་བདུན་ཅན་གྱི་ན་གཞོན་དོགས་ཡོད་མི་སྣ་ཞིག་སློབ་ཆུང་གི་ཞབས་བྲོའི་སློབ་ཁྲིད་བྱེད་སར་འཇབ་རྒོལ་བྱས་ནས། བྱིས་པ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག དོན་རྐྱེན་དེ་བྱུང་རྗེས་ལོན་ཏོན་དང་ལེ་ཝུའུ་ཕུའུ། པུའུ་ལི་སི་ཐའོ་ཨར། ཧི་ཨར། མན་ཁྲུ་སི་ཐི་སོགས་ས་ཁུལ་མང་བོར་ངོ་རྒོལ་བྱ་འགུལ་བྱུང་བ་དང་། རིམ་བཞིན་དྲག་ཤུགས་ཟིང་འཁྲུག་ཏུ་གྱུར་བ་རེད། ཟིང་འཁྲུག་ལ་ཞུགས་པའི་མི་ལ་ལས་ཡུལ་གྱར་བ་དང་ལེན་བྱས་པའི་མགྲོན་ཁང་དང་དབྱི་སི་ལན་ཆོས་ཁང་། ཚོང་ཁང་སོགས་ལ་གཏོར་བརླག་བཏང་བར་མ་ཟད། ཉེན་རྟོག་པར་འཇབ་རྒོལ་བྱས་པ་དང་ཉེན་རྟོག་པའི་རླངས་འཁོར་མེར་བཏང་བ་རེད། སི་ཐཱ་མའོ་ཡིས་དྲག་ཤུགས་ཟིང་འཁྲུག་དེ་གཡས་ཕྱོགས་སུ་ལྷུང་བའི་དྲག་སྤྱོད་ཅིག་ཏུ་བརྗོད་ཡོད་ལ། ཨོ་སི་ཁྲུ་ལི་ཡཱ་དང་མཱ་ལེ་ཞི་ཡཱ། ནེ་ཀྲི་རི་ཡཱ་བཅས་ཀྱིས་རང་གི་སྤྱི་དམངས་དག་དབྱིན་ཇིའི་ཟིང་འཁྲུག་བྱུང་སར་གནས་སྐོར་དུ་མི་འགྲོ་བའི་ཉེན་བརྡ་བཏང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།