དབྱི་ལིང་ཙུང་ཐུང་གིས་ཨུ་རུ་སིའི་བར་གྱི་འབྲེལ་བ་རྒྱ་བསྐྱེད་པ་ནི་དབྱི་ལིང་ཕྱི་འབྲེལ་སྲིད་ཇུས་ཀྱི་ཐོག་མའི་གདམ་གསེས་ཡིན་པའི་ཚུལ་བསྟན།
2024.08.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕྲིན་གཏོང་ཁང་གིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་ཕའེ་ཙེ་ཞི་ཆི་དབྱང་གིས་ཉིན་དེར་རྒྱལ་ས་ཏི་ཧེ་ལན་ནས་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཧྲའོ་དབྱེ་ཀུའུ་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཨུ་རུ་སི་ནི་དབྱི་ལིང་གི་འཐབ་ཇུས་གྲོགས་པོ་ཡིན་པ་དང་། ཨུ་རུ་སིའི་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱ་བསྐྱེད་པ་ནི་དབྱི་ལིང་གི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཐོག་མའི་གདམ་གསེས་ཡིན་ཟེར།

ཕའེ་ཙེ་ཞི་ཆི་དབྱང་གིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཐད་ཀྱི་མཉམ་ལས་ལ་དོན་སྙིང་གལ་ཆེན་ལྡན་པ་དང་། རྒྱལ་ཁབ་གཉིས་ཀྱིས་སྣེ་མང་འཛམ་གླིང་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་མཉམ་ལས་དེ་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་བདེ་འཇགས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཟེར།

ཕའེ་ཙེ་ཞི་ཆི་དབྱང་གིས་ད་རུང་བཤད་རྒྱུར། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་ནས་ཕཱ་ལེ་སི་ཐན་མི་དམངས་ལ་བཟོས་པའི་ནག་ཉེས་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཆབ་སྲིད་མགོ་ཁྲིད་པ་ཧཱ་ནེ་ཡཱ་ལྐོག་གསོད་བྱས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་ལ། དབྱི་སི་རལ་གྱིས་རང་གི་ནག་ཉེས་དེར་རིན་དོད་ཁུར་དགོས་ཟེར།

ཧྲའོ་དབྱེ་ཀུའུ་ཡིས་བསྟན་དོན། དབྱི་ལིང་ནི་ཨུ་རུ་སིའི་ས་ཁུལ་དེའི་འཐབ་ཇུས་མནའ་འབྲེལ་གྲོགས་པོ་གལ་ཆེན་ཞིག་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་འབྲེལ་བར་འཕེལ་རྒྱས་བྱུང་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་དབྱི་ལིང་བར་གྱི་མཉམ་ལས་ལས་གཞི་མྱུར་མོར་ཡོངས་འགྲུབ་བྱེད་འདོད་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་དབྱི་ལིང་བར་གྱི་ཧྲང་ཧེ་མཉམ་ལས་རྩ་འཛུགས་དང་གསེར་གྱོམ་རྒྱལ་ཁབ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཁྲོད་ཀྱི་མཉམ་ལས་ལ་མཐོང་ཆེན་བྱེད་པ་དང་། ཧུར་ཐག་སྒོས་མཉམ་ལས་དེ་དག་རྒྱ་བསྐྱེད་བཞིན་ཡོད་ཟེར།

ཧྲའོ་དབྱེ་ཀུའུ་ཚེས5ཉིན་ཏི་ཧེ་ལན་དུ་འབྱོར་ནས་དུས་ཡུན་ཉིན་གཅིག་གི་འཚམས་འདྲི་བྱས་པ་རེད། ཉིན་དེ་སྔ་དྲོར་ཧྲའོ་དབྱེ་ཀུའུ་ཡིས་ད་རུང་དབྱི་ལིང་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཨེ་ཧཱ་མེད་ཏིས་ཨན་དང་དབྱི་ལིང་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པ་པཱ་ཀའེ་ལི་གཉིས་ལ་ཐུག་འཕྲད་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།