ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས5ཉིན་འཚམས་འདྲིར་ཡོང་བའི་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཧྥེ་ཏན་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། དབུས་ཤར་ས་ཁུལ་དེ་ཉེན་ཁའི་གནས་སུ་ཡོད་པས། རང་ཚོད་འཛིན་དགོས་པ་དང་། གནས་ལུགས་དང་མཐུན་ཞིང་བློ་གྲོས་ལྡན་པའི་སྒོ་ནས་འབོད་སྐད་སྒྲོག་དགོས་ཟེར།
ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། སེ་ཞི་ཡིས་བསྟན་དོན། རྒྱུན་ཆད་མེད་པར་ཛ་དྲག་ཏུ་འགྱུར་བཞིན་པའི་གནས་བབ་ཞི་འཇགས་སུ་གཏོང་བར་འབྲེལ་ཡོད་ཕྱོགས་སོ་སོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མྱུར་དུ་མཚམས་འཇོག་པར་སྐུལ་འདེད་གཏོང་དགོས་པར་མ་ཟད། ཆབ་སྲིད་དང་ཕྱི་འབྲེལ་ཐད་ནས་ཐག་གཅོད་བྱེད་པའི་གོ་སྐབས་འདོན་སྤྲོད་བྱེད་དགོས་ཟེར། ཨེ་ཅིབ་ཀྱིས་ཡང་དང་བསྐྱར་དུ་ཉེན་བརྡ་བཏང་སྟེ། འཐབ་འཁྲུག་ཁྱབ་ཁོངས་རྒྱ་བསྐྱེད་ན་ས་ཁུལ་དང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་ཉེན་བཟོ་སྲིད་ཟེར།
གསལ་སྒྲོག་ནས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ས་ཁུལ་གྱི་གནས་བབ་ཀྱི་ཛ་དྲག་རང་བཞིན་ནན་བཤད་བྱས་པར་མ་ཟད། དབྱི་སི་རལ་གྱིས་གནས་བབ་ཛ་དྲག་ཏུ་གཏོང་བའི་སྲིད་ཇུས་ལ་རྒོལ་གཏམ་བཏང་། ཕྱོགས་གཉིས་ཀྱིས་ད་རུང་གྲོས་མོལ་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་ཕཱ་ལེ་སི་ཐན་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས་པ་ཁས་ལེན་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།