ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་གྱི་མི་ཆོས་ཉམས་ཉེན་ཞི་འཇགས་སུ་གཏོང་བར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.08.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཚེས6ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་གཞོན་པ་ཏའེ་པིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སུའུ་ཏན་གྱི་མི་ཆོས་གནད་དོན་ཁྱབ་སྒྲོག་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་སྐབས།  སུའུ་ཏན་ལ་སྔར་བྱུང་མྱོང་མེད་པའི་མི་ཆོས་ཀྱི་འགྲན་སློང་མདུན་དུ།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་དང་མ་དངུལ་རྒྱུན་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་རོགས་སྐྱོར་གྱི་ཁས་ལེན་དུས་ཐོག་ཏུ་མངོན་འགྱུར་བྱས་ཏེ།  སུའུ་ཏན་གྱི་ད་ལྟའི་མི་ཆོས་ཀྱི་ཉམས་ཉེན་ཞི་འཇགས་སུ་གཏོང་རོགས་བྱེད་དགོས་ཞེས་བསྟན།

ཏའེ་པིན་གྱིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྙན་ཞུའི་ནང་བཏོན་པའི་སུའུ་ཏན་གྱི་མི་ཆོས་རིང་ལུགས་ཀྱི་དུས་བབ་དང་། ལྷག་པར་དུ་མངོན་གསལ་ཡིན་པའི་འབྲུ་རིགས་ཉམས་ཉེན་ལ་ཀྲུང་གོ་ཕྱོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་གྱི་ད་ལྟའི་མི་ཆོས་ཀྱི་ཉམས་ཉེན་ཞི་འཇགས་སུ་གཏོང་རོགས་བྱེད་དགོས་པར་མ་ཟད། འཕེལ་རྒྱས་རོགས་ཟླས་ད་དུང་དམངས་འཚོ་འགན་ལེན་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཐད་སུའུ་ཏན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ།   སུའུ་ཏན་གྱི་ནུས་པ་ཆེ་རུ་གཏོང་རོགས་དང་དཔལ་འབྱོར་དུས་བབ་བརྟན་པོ་ཡོང་བར་བྱས་ཏེ། འབད་བརྩོན་ཆེན་པོས་གདོང་ཐུག་གིས་དཔལ་འབྱོར་དང་དམངས་འཚོ་ལ་ཕོག་ཐུག་བཟོ་བའི་ཚད་ཇེ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས།

ཏའེ་པིན་གྱིས་བཤད་རྒྱུར། ཛ་དྲག་ཆེ་བའི་མི་ཆོས་ཀྱི་ཉམས་ཉེན་ལ་ནུས་ཤུགས་ཡོད་རྒུས་ཁ་གཏད་འཇལ་རྒྱུ་ནི་གལ་ཆེ་བའི་ལས་འགན་ཞིག་ཡིན། མི་ཆོས་ཞུགས་འཐུས་འགན་ལེན་བྱས་ནས་འབྲུ་རིགས་དང་ཆུ་སོགས་རོགས་སྐྱོར་དངོས་ཟོག་དགོས་མཁོ་ཡོད་པའི་སུའུ་ཏན་མི་དམངས་ཡོངས་ཀྱི་ལག་ཏུ་མགྱོགས་མྱུར་ངང་སྐྱེལ་ཐུབ་པ་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་སྒྲིག་གཞིས་དེའི་ཐད་ལ་མུ་མཐུད་དུ་འབད་བརྩོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དང་།  སུའུ་ཏན་སྲིད་གཞུང་གིས་མི་ཆོས་རྒྱལ་མཚམས་སྒྲོལ་བའི་ས་ཚིགས་དང་གནམ་ཐང་མང་པོ་སྒོ་འབྱེད་དང་མི་ཆོས་རོགས་སྐྱོབ་ལ་གཞོགས་འདེགས་བྱེད་རྒྱུར་དགའ་བསུ་ཞུ་རྒྱུ་དང་། སུའུ་ཏན་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་དང་མུ་མཐུད་དུ་མཉམ་ལས་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། རྒྱལ་སྤྱིའི་མི་ཆོས་བྱ་སྤྱོད་དེ་སུའུ་ཏན་དབང་འཛིན་ལས་ཁུངས་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་བྱས་ནས། མི་ཆོས་དང་བར་གནས་། དྲང་གཞག  རང་ཚུགས་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ནན་མོ་བྱས་ཏེ་མི་ཆོས་རོགས་སྐྱོར་དེ་བཀག་སྡོམ་བྱེད་པའི་ཡོ་བྱད་དུ་མི་འགྱུར་བར་བྱེད་དགོས།

ཏའེ་པིན་གྱིས་བཤད་རྒྱུར།  སུའུ་ཏན་གྱི་གདོང་ཐུག་ཕྱོགས་དང་སླར་ཡང་གྲོས་མོལ་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་བ་དང་དམག་འཁྲུག་མཚམས་འཇོག་རྒྱུ་ནི་མི་ཆོས་ཀྱི་ཉམས་ཉེན་ཞི་འཇགས་སུ་གཏོང་བའི་རྩ་བའི་ཐབས་ལམ་ཞིག་རེད།  ཀྲུང་གོ་ཕྱོགས་ཀྱིས་གདོང་ཐུག་ཕྱོགས་ཀྱིས་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ཀྱི་འོས་འགན་ལ་བརྩི་སྲུང་བྱས་ནས་མི་སེར་ལ་གནོད་འཚེ་མི་ཕོག་པ་བྱས་ཏེ། ཞིང་ཁ་དང་ཆུ་བེད་སོགས་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་ཆས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ་དང་མཉམ་དུ་ཞིང་ལས་ཐོན་སྐྱེད་སླར་གསོ་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་བཏང་པ་ཡིན།   མིག་སྔར་རྒྱལ་སྤྱིའི་འདུམ་སྒྲིག་གི་ཕྱོགས་མང་པོས་ཧུར་ཐག་གིས་འདུམ་སྒྲིག་བྱ་སྤྱོད་སྤེལ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མུ་མཐུད་དུ་འབྲེལ་གཏུག་བྱེད་པར་རྒྱུན་འཁྱོངས་བྱེད་རྒྱུར་རྒྱབ་སྐྱོར་བྱས་ནས།   འདུམ་སྒྲིག་ཕྱོགས་ཁག་གིས་གཅིག་གྱུར་འཆར་འགོད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འདུམ་སྒྲིག་གི་མཉམ་ཤུགས་ཆགས་པར་བྱས་ཏེ།  སུའུ་ཏན་གྱི་གནད་དོན་ཆབ་སྲིད་ཀྱི་སྟེང་ནས་སྔོན་ལ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།  ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་སུའུ་ཏན་གྱི་མི་ཆོས་ཉམས་ཉེན་ཞི་འཇགས་སུ་གཏོང་བ་དང་། དམག་འཁྲུག་ཞོད་འཇགས་སུ་གཏོང་བ། ཡུན་རིང་ཞི་བདེ་ཡོང་བ་བཅས་ཀྱི་ཆེད་དུ་མུ་མཐུད་དུ་འབད་བརྩོན་ཆེན་པོ་བྱེད་འདོད་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།