སུའུ་ཏན་དྲག་ཆས་དམག་དཔུང་གི་མགྲིན་ཚབ་པས་ཚེས6ཉིན་བཤད་རྒྱུར། དབྱི་ཐཱ་ལེ་དང་སུའུ་ཏན་ལྷོ་ཕྱོགས་ནས་ཡོང་བའི་ཕྱི་རྒྱལ་གྱི་སྤྱི་དམངས26རྒྱལ་ས་ཁཱ་ཐུའུ་མུའུ་ལྷོ་ཕྱོགས་ས་ཁུལ་ནས་ཕྱིར་འཐེ་བྱེད་པར་རོགས་རམ་བྱས་པ་དང་། ཁོ་ཚོ་ན་ནིང་ཟླ་བཞི་བར་སུའུ་ཏན་གྱི་དྲག་ཆས་འཁྲུག་རྩོད་བྱུང་བའི་ཚུན་ལ་ནམ་རྒྱུན་ཁཱ་ཐུའུ་མུའུ་ལྷོ་ཕྱོགས་ས་ཁུལ་དུ་ཁགས་པ་རེད།
སུའུ་ཏན་གྱི་དྲག་ཆས་དམག་དཔུང་གི་མགྲིན་ཚབ་པ་ཨ་པུའུ་ཏུའུ་ལཱ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དམིགས་བསལ་དམག་དོན་འགུལ་སྐྱོད་ཅིག་གི་ཁྲོད། སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་དབྱི་ཐཱ་ལེ་ནས་ཡོང་བའི་ཆོས་སྤྱོད་བུད་མེད་ལྔ་དང་ཆོས་དཔོན་གཅིག དེ་མིན་སུའུ་ཏན་ལྷོ་ཕྱོགས་ཀྱི་སྤྱི་དམངས་ཉི་ཤུ་བཅས་ཁོ་ཚོའི་ཁཱ་ཐུའུ་མུའུ་ལྷོ་ཕྱོགས་ས་ཁུལ་གྱི་སྡོད་གནས་ནས་ཨིན་ཐུའུ་མན་གྲོང་ཁྱེར་དུ་ཕྱིར་འཐེན་བྱེད་དུ་བཅུག་ཡོད་པ་དང་། དེའི་རྗེས་སུ་མུ་མཐུད་དུ་སུའུ་ཏན་ཤར་ཕྱོགས་ཀྱི་མཚོ་དམར་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་སུའུ་ཏན་གྲུ་ཁར་བསྐྱལ་ཡོད། མི་ཚོགས་དེ་ཁཱ་ཐུའུ་མུའུ་ཡི་ཧྲི་ཅེ་ལཱ་ས་ཁུལ་གྱི་ཐོག་ཁང་ཞིག་ཏུ་བཀག་ནས་ལོ་གཅིག་དང་ཟླ་ངོ་བཞི་ཙམ་འགོར་ཡོད་པ་རེད་ཟེར།
ཧྲི་ཅེ་ལཱ་ས་ཁུལ་དུ་སུའུ་ཏན་དྲག་ཆས་དམག་དཔུང་གི་དམག་དོན་རྟེན་གཞི་འགའ་ཡོད་པ་དང་། སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་མིག་སྔར་ཧྲི་ཅེ་ལཱ་ས་ཁུལ་མང་ཆེ་བ་ཚོད་འཛིན་བྱེད་བཞིན་ཡོད་པར་མ་ཟད་ས་ཁུལ་ཧྲིལ་བོ་ཚོད་འཛིན་བྱེད་རྩིས་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།