ནེ་ཀྲིར་གྱིས་ཝུའུ་ཁི་ལན་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་བསྒྲགས་བྱས།
2024.08.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ནེ་ཀྲིར་གྱི་དམག་དོན་སྲིད་གཞུང་གི་མགྲིན་ཚབ་པ་ཨ་པུའུ་ཏུའུ་ལཱ་མན་གྱིས་ཚེས6ཉིན་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ནེ་ཀྲིར་གྱིས་མྱུར་མོར་ཝུའུ་ཁི་ལན་བར་གྱི་ཕྱི་ཕྱོགས་འབྲེལ་ཐག་གཅོད་རྒྱུ་ཡིན་ཟེར།

ཨ་པུའུ་ཏུའུ་ལཱ་མན་གྱིས་གསལ་སྒྲོག་ནང་དུ་ཝུའུ་ཁི་ལན་གྱིས་འཇིགས་སྐུལ་རྩ་འཛུགས་ལ་རྒྱབ་སྐྱོར་བྱས་པར་རྒོལ་གཏམ་བཏང་བར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཝུའུ་ཁི་ལན་གྱི་བཙན་འཛུལ་བྱ་སྤྱོད་ལ་ཁྲུན་གཅོད་བྱེད་དགོས་པའི་རེ་བ་བཏོན།

མཱ་ལིའི་བར་བརྒལ་སྲིད་གཞུང་གིས་ཚེས4ཉིན་སྤྱི་སྒྲོག་སྤེལ་ཏེ། ཝུའུ་ཁི་ལན་གྱི་དམག་དོན་གསང་འཕྲིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཡུག་སོ་ཧྥུའུ་ཡིས་ཉེ་སྔོན་གྲགས་འགུལ་ཆེ་བའི་གཏམ་བཤད་སྤེལ་ཏེ། ཝུའུ་ཁི་ལན་དྲག་ཆས་འཇིགས་སྐུལ་ཚོགས་ཁག་གིས་སྤེལ་བའི་འཇབ་རྒོལ་ནང་ཞུགས་པ་ཁས་ལེན་བྱས་པ་དང་། དེ་ལས་མཱ་ལིའི་དམག་དཔུང་ལ་རྒྱལ་ཁབ་དེའི་བྱང་ཤར་ཕྱོགས་ཀྱི་འཐབ་འཁྲུག་ཁྲོད་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་འབྱུང་དུ་བཅུག་ཡོད་ཟེར། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱི་བྱ་སྤྱོད་དེས་མཱ་ལིའི་བདག་དབང་ལ་གནོད་སྐྱེལ་ཡོད་པ་དང་། ཕྱི་རྒྱལ་གྱིས་ཐེ་གཏོགས་བྱེད་པའི་ཁྱབ་ཁོངས་ལས་བརྒལ་ཡོད་ལ། མཱ་ལི་ལ་བཙན་འཛུལ་བྱས་པ་མངོན་གསལ་རེད། དེ་བས་མཱ་ལིའི་བར་བརྒལ་སྲིད་གཞུང་གིས་མྱུར་མོར་ཝུའུ་ཁི་ལན་བར་གྱི་ཕྱི་ཕྱོགས་འབྲེལ་ཐག་གཅོད་རྒྱུ་ཁྱབ་བསྒྲགས་བྱས་པ་ཡིན་ཟེར།

ད་ལོའི་ཟླ7པའི་ཚེས6ཉིན། ནེ་ཀྲིར་དང་མཱ་ལི། པུ་ཁི་ནཱ་ཧྥ་སོ་བཅས་རྒྱལ་ཁབ་གསུམ་གྱི་དམག་དོན་མགོ་ཁྲིད་པས་ནེ་ཀྲིར་གྱི་རྒྱལ་ས་ནེ་ཡཱ་མཱེ་ནས་སཱ་ཧི་ལེ་རྒྱལ་ཁབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་ཐོག་མ་བསྡུས་ཏེ་སཱ་ཧི་ལེ་རྒྱལ་ཁབ་མཉམ་འབྲེལ་བཙུགས་པ་ཁྱབ་བསྒྲགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།