ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་ཙོ་ཁི་ཡིས་ཚེས7ཉིན་ཀྲུང་གོའི་ཁེ་ལས་ཀྱིས་ཧིན་རྡུ་ཉི་ཞི་ཡཱའི་བཟོ་གྲྭ་ཞིག་ཏུ་དངུལ་གཏོང་བྱེད་པའི་མཛད་སྒོར་ཞུགས་སྐབས་བསྟན་དོན། ཧིན་རྡུ་ཉི་ཞི་ཡཱ་ཡིས་ཀྲུང་གོའི་ཁེ་ལས་ཀྱི་རོགས་རམ་འོག་ཏུ་གཞི་གཅིག་ཅན་གྱི་གློག་སྒུལ་རླངས་འཁོར་གྱི་སྐྱེ་ཁམས་མ་ལག་འཛུགས་བཞིན་ཡོད་ལ། སྔར་ལས་ལྷག་པའི་སྒོ་ནས་གློག་སྒུལ་རླངས་འཁོར་གྱི་འཛམ་གླིང་ཡོངས་ཀྱི་མཁོ་འདོན་མུ་འབྲེལ་ནང་འདྲེས་པར་བྱེད་བཞིན་ཡོད་ཟེར།
ཀྲུང་གོའི་ལི་གློག་རྡུལ་གློག་གཡིས་ཁེ་ལས་པེ་ཐི་རོས་རྒྱུ་ཆ་གསར་བའི་སྡེ་ཚོགས་ཀྱི་ལི་གློག་གཡིས་ཀྱི་གློག་ལྡོག་མའི་རྒྱུ་ཆའི་ཧིན་རྡུ་ཉི་ཞི་ཡཱའི་བཟོ་གྲྭའི་དངུལ་གཏོང་མཛད་སྒོ་ཉིན་དེར་ཧིན་རྡུ་ཉི་ཞི་ཡཱའི་བཀྲ་ཝ་ཞིང་ཆེན་གྱི་སན་པའོ་ལུང་ནས་བསྡུས། ཙོ་ཁི་ཡིས་ཧིན་རྡུ་ཉི་ཞི་ཡཱའི་དཔལ་འབྱོར་གཅིག་འདོམས་པུའུ་དང་། ནུས་ཁུངས་དང་གཏེར་ཐོན་ཐོན་ཁུངས་པུའུ། རྒྱ་མཚོ་དང་དངུལ་གཏོང་གཅིག་འདོམས་པུའུ་སོགས་སྡེ་ཁག་གི་མཐོ་རིམ་དཔོན་རིགས་ཁྲིད་ནས་དངུལ་གཏོང་མཛད་སྒོར་ཞུགས།
པེ་ཐི་རོས་རྒྱུ་ཆ་གསར་བའི་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་ཅཱ་ཞོས་ཆིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། བཟོ་གྲྭ་དེ་སན་པའོ་ལུང་གི་ཁུན་ཏི་ཨར་བཟོ་ལས་གླིང་དུ་ཡོད་ཅིང་། སྤྱིའི་མ་དངུལ་བཏང་ཚད་མེ་སྒོར་དུང་ཕྱུར་བཞི་དང་བྱེ་བ་དགུ་ས་ཡ་བརྒྱད་ཡིན་པ་དང་། ལོ་ཧྲིལ་བོའི་ཐོན་ནུས་ཏུན་ཁྲི་བརྒྱད་ཡིན་ལ། དེས་ཧིན་རྡུ་ཉི་ཞི་ཡཱའི་ལི་གྱེས་རྡུལ་གློག་གཡིས་ཀྱི་གློག་ལྡོག་མའི་རྒྱུ་ཆའི་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐང་ཡོད་ཟེར།
ཙོ་ཁི་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། བཟོ་གྲྭ་དེའི་ལི་གྱེས་རྡུལ་གློག་གཡོས་ཀྱི་གློག་ལྡོག་མའི་རྒྱུ་ཆའི་ལོ་ཧྲིལ་བོའི་ཐོན་ནུས་ཀྱིས་གློག་སྒུལ་རླངས་འཁོར་ས་ཡ་གཅིག་དང་འབུམ་ལྔ་ཐོན་སྐྱེད་བྱེད་པར་རོགས་འདེགས་བྱེད་ཐུབ། བཟོ་གྲྭར་དངུལ་གཏོང་བྱས་པ་དང་བསྟུན་ནས་ཧིན་རྡུ་ཉི་ཞི་ཡཱ་སྔར་ལས་ལྷག་པའི་སྒོ་ནས་གློག་སྒུལ་རླངས་འཁོར་གྱི་འཛམ་གླིང་ཡོངས་ཀྱི་མཁོ་འདོན་མུ་འབྲེལ་ནང་འདྲེས་ཐུབ་པ་དང་། ཧིན་རྡུ་ཉི་ཞི་ཡཱ་ཡིས་གློག་སྒུལ་རླངས་འཁོར་གྱི་སྐྱེ་ཁམས་མ་ལག་འཛུགས་པའི་རླབས་ཆེན་འཆར་གཞི་དེ་རིམ་བཞིན་མངོན་འགྱུར་བྱེད་བཞིན་ཡོད་ཟེར།
ཧིན་རྡུ་ཉི་ཞི་ཡཱའི་རྒྱ་མཚོ་དང་དངུལ་གཏོང་གཅིག་འདོམ་པུའུ་ཡི་པུའུ་ཀྲང་ལུའུ་ཧུའུ་ཐི་ཡིས་བསྟན་དོན། ཧིན་རྡུ་ཉི་ཞི་ཡཱའི་སྲིད་གཞུང་གིས་མུ་མཐུད་དུ་ནུས་ཁུངས་གསར་བའི་གློག་གཡིས་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་པ་དང་། བཟོ་གྲྭ་དེར་དངུལ་གཏོང་བྱས་པ་ལས་ཧིན་རྡུ་ཉི་ཞི་ཡཱའི་བཟོ་ལས་སྐྱེ་ཁམས་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།