ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོས་རྒྱལ་ཁབ་རང་གི་སྤྱི་དམངས་དག་མྱུར་མོར་ལེ་པཱ་ནུན་དང་ཁ་འབྲལ་དགོས་པའི་རེ་བ་བཏོན།
2024.08.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་ཀྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་། ལེ་པཱ་ནུན་གྱི་བདེ་འཇགས་གནས་བབ་ཛ་དྲག་ཏུ་གྱུར་བར་དམིགས་ཏེ། ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོས་ཉེ་སྔོན་རྒྱལ་ཁབ་རང་གི་སྤྱི་དམངས་དག་མྱུར་མོར་ལེ་པཱ་ནུན་དང་འབྲལ་དགོས་པའི་རེ་བ་བཏོན་པ་དང་། རྒྱལ་ཁབ་སྐོར་ཞིག་གིས་ཕྱིར་འཐེན་བྱེད་ཐབས་ལ་བསམ་བློ་གཏོང་བཞིན་ཡོད། ཡོ་རོབ་གླིང་མཁའ་འགྲུལ་ཀུང་ཟི་མང་བོ་ལེ་པཱ་ནུན་དུ་གཏོང་བའི་གནམ་གྲུ་མང་བོ་གཏོང་མཚམས་བཞག་པ་རེད།

མིག་སྔར་ཧྥ་རན་སིའི་མི་ཁྲི་གཉིས་ལྷག་ལེ་པཱ་ནུན་དུ་ཡོད་པ་དང་། ཧྥ་རན་སིའི་ཕྱི་འབྲེལ་སྡེ་ཁག་གིས་ཚེས4ཉིན་རྒྱལ་ཁབ་རང་གི་སྤྱི་དམངས་དག་ལེ་པཱ་ནུན་དང་འབྲལ་དགོས་པའི་རེ་བ་བཏོན། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་བཤད་རྒྱུར། མིག་སྔར་ལེ་པཱ་ནུན་ནས་ཐད་ཀར་དུ་ཧྥ་རན་སིར་འཕུར་བའི་ཚོང་དོན་གནམ་གྲུ་མེད་པ་དང་། ལེ་པཱ་ནུན་དུ་ཡོད་པའི་ཧྥ་རན་སིའི་མི་རྣམས་མྱུར་མོར་ཕྱིར་འཐེན་བྱེད་དགོས་ཟེར།

འཇར་མན་གྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཉེ་སྔོན་རྒྱལ་ཁབ་རང་གི་སྤྱི་དམངས་ཚང་མ་མྱུར་མོར་ལེ་པཱ་ནུན་དང་འབྲལ་དགོས་པའི་འབོད་སྐུལ་བཏང་བ་དང་། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་སྲུང་དམག་དཔུང་གིས་དགོས་གལ་ཆེ་བའི་སྐབས་སུ་རྒྱལ་ཁབ་རང་གི་སྤྱི་དམངས་ཕྱིར་འཐེན་བྱེད་དུ་འཇུག་པར་གྲ་སྒྲིག་བྱས་ཡོད་ལ། འཇར་མན་ཕྱི་འབྲེལ་པུའུ་ཡིས་བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔར་ལེ་པཱ་ནུན་དུ་ཡོད་པའི་འཇར་མན་གྱི་མི་སྟོང་གཉིས་ཙམ་ཡོད་པ་རེད།

ཡོ་རོབ་གླིང་བྱང་མའི་རྒྱལ་ཁབ་མང་བོས་ཀྱང་གནས་སྐོར་གྱི་ཉེན་བརྡ་བཏང་ཡོད། ནོར་ཝེའི་ཕྱི་འབྲེལ་བློན་ཆེན་ཨེ་ཏི་ཡིས་ཚེས་ལྔ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ལེ་པཱ་ནུན་དུ་ཡོད་པའི་ནོར་ཝེའི་སྤྱི་དམངས་དག་མྱུར་མོར་རྒྱལ་ཁབ་དེ་དང་འབྲལ་དགོས་པའི་སྐུལ་མ་བཏང་། ཁོས་བཤད་རྒྱུར། ལེ་པཱ་ནུན་གྱི་བདེ་འཇགས་གནས་བབ་ཚབས་ཆེན་ཡིན་པ་དང་། མྱུར་མོར་ཇེ་སྡུག་ཏུ་འགྲོ་སྲིད་པས། ལེ་པཱ་ནུན་དང་ཁ་འབྲལ་བའི་གོ་སྐབས་དེ་ཅང་མ་འགོར་བར་ཤོར་ངེས་ཡིན་ཟེར། སུའུ་ཏེན་སྲིད་གཞུང་གིས་གནས་སྐབས་སུ་ལེ་པཱ་ནུན་དུ་སྡོད་པའི་གཞུང་ཚབ་ཁང་གི་སྒོ་བརྒྱག་རྒྱུ་ཡིན་པ་དང་། གཞུང་ཚབ་ཁང་གི་མི་སྣ་དག་སེ་ཕུའུ་ལུའུ་སི་རུ་བསྐྱལ་རྒྱུ་ཁྱབ་བསྒྲགས་བྱས། ཧྥུན་ལན་གྱི་ཕྱི་འབྲེལ་པུའུ་ཡིས་ཀྱང་ལེ་པཱ་ནུན་དུ་སྡོད་པའི་ཧྥུན་ལན་གྱི་མི་དག་མྱུར་མོར་གནས་དེར་ཁ་འབྲལ་དགོས་པའི་ཉེན་བརྡ་བཏང་།

ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོས་སྔ་གཞུག་ཏུ་གནས་སྐོར་གཏན་འགོག་བཀའ་རྒྱ་སྤེལ། ཕའོ་ལན་གྱི་ཕྱི་འབྲེལ་པུའུ་ཡིས་རྒྱལ་ཁབ་རང་གི་སྤྱི་དམངས་དག་ཉེ་སྔོན་ལེ་པཱ་ནུན་དང་དབྱི་སི་རལ། དབྱི་ལིང་བཅས་སུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་གྲོས་གཞི་བཏོན། སུའེ་ཙེར་དང་ཧི་ལན། ཁི་ལི་ཏི་ཡཱ། ཅེ་ཁི། སི་ལོ་ཝུན་ནེ་ཡཱ། རོ་མཱ་ནི་ཡཱ། ལཱ་ཐའོ་ཝེ་ཡཱ་སོགས་རྒྱལ་ཁབ་ཀྱིས་ཀྱང་ལང་ལོང་སྒོས་རྒྱལ་ཁབ་རང་གི་སྤྱི་དམངས་དག་མྱུར་མོར་ལེ་པཱ་ནུན་སོགས་ས་ཁུལ་དང་འབྲལ་དགོས་པའི་འབོད་སྐུལ་བཏང་།

དེ་ལས་གཞན་ཡོ་རོབ་གླིང་མཁའ་འགྲུལ་ཀུང་ཟི་མང་བོས་པེ་རུ་ཐི་སོགས་ས་ཁུལ་བར་གྱི་གནམ་གྲུ་གཏོང་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས། ཧྥ་རན་སིའི་མཁའ་འགྲུལ་ཀུང་ཟི་དང་ཕའོ་ལན་གྱི་མཁའ་འགྲུལ་ཀུང་ཟིས་སྔ་གཞུག་ཏུ་ཁྱབ་བསྒྲགས་བྱས་དོན། པེ་རུ་ཐི་བར་གྱི་གནམ་གྲུ་གནས་སྐབས་སུ་གཏོང་མཚམས་འཇོག་རྒྱུ་ཡིན་ཟེར། རོ་མཱ་ནི་ཡཱའི་མཁའ་འགྲུལ་ཀུང་ཟི་ཡིས་རྒྱལ་ཁབ་རང་དང་དབྱི་སི་རལ་གྱི་ཐི་ལཱ་ཝེ་ཧྥུའུ་དང་ཅོར་ཏན་གྱི་རྒྱལ་ས་ཨན་མན། པེ་རུ་ཐི་བཅས་བར་གྱི་གནམ་གྲུ་གཏོང་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།