ནེ་ཀྲི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་དུ་གྲུ་གཟིངས་ཤིག་ལ་འགས་གཏོར་བྱུང་ནས་མི20རྐྱེན་ལམ་དུ་ཤོར།
2024.08.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས8ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ལྷོ་ཕྱོགས་ཀྱི་པཱ་ཡེ་ཨར་སཱ་མངའ་སྡེ་རུ་ཚེས7ཉིན་གྲུ་གཟིངས་ཤིག་ལ་འགས་གཏོར་བྱུང་སྟེ། མི20རྐྱེན་ལམ་དུ་ཤོར།

པཱ་ཡེ་ཨར་སཱ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་མུའུ་ཧན་མའོ་ཏི་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། འགྲུལ་བ64དྲུད་པའི་འགྲུལ་སྐྱེལ་གྲུ་གཟིངས་ཤིག་ལ་ཚེས7ཉིན་མངའ་སྡེ་དེའི་ལྷོ་ཕྱོགས་ཀྱི་དབྱེ་ཆའོ་ས་ཁུལ་དུ་འགས་གཏོར་བྱུང་སྟེ་མེར་འབར་བ་དང་། དེའི་རྗེས་ཀྱི་རྒུད་སྐྱོབ་འགུལ་སྐྱོད་ཁྲོད་འདས་པོའི་བེམ་པོ20རྙེད་ཡོད། དོན་རྐྱེན་དེ་བྱུང་སྐབས་གྲུ་གཟིངས་དེས་ཞིང་ཞོར་ཐོན་རྫས་བཀང་དྲུད་ནས་ས་དེའི་ཚོང་ར་ཞིག་ཏུ་འགྲོ་བཞིན་ཡོད་པ་རེད།

མིག་སྔར་རྒུད་སྐྱོབ་འགུལ་སྐྱོད་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་འགས་གཏོར་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།