པཱ་ཞི་ཡིས་ནི་ཁཱ་རཱ་ཀྭའི་གཞུང་ཚབ་ཆེན་མོ་མཐར་སྐྲོད་གཏོང་རྒྱུ་ཐག་བཅད།
2024.08.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

པཱ་ཞིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བརྒྱད་ཉིན་ཁས་ལེན་བྱས་དོན། ནི་ཁཱ་ར་ཀཱ་རུ་སྡོད་པའི་པཱ་ཞིའི་གཞུང་ཚབ་ཆེན་མོ་ཏཱ་ཁི་སི་ཐཱ་ནི་ཁཱ་རཱ་ཀྭ་ཕྱོགས་ཀྱིས་མཐར་སྐྲོད་བཏང་བར་དམིགས་ནས། འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་སྟེ་པཱ་ཞིའི་སྲིད་གཞུང་གིས་པཱ་ཞི་རུ་སྡོད་པའི་ནི་ཁཱ་རཱ་ཀྭའི་གཞུང་ཚབ་ཆེན་མོ་མཱ་ཐུའུ་མཐར་སྤྲོད་གཏོང་རྒྱུ་ཐག་བཅད་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཆོད་དོན་དེ་ནི་པཱ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་ཉིན་དེའི་སྔ་དྲོར་ཕྱི་འབྲེལ་པུའུ་ཀྲང་ཝེ་ཨར་ལཱ་དང་གྲོས་མོལ་བྱས་རྗེས་བཏོན་པ་རེད། པཱ་ཞིའི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། ཏཱ་ཁི་སི་ཐཱ་ཚེས8ཉིན་ནི་ཁཱ་རཱ་ཀྭ་དང་འབྲལ་རྒྱུ་ཡིན་ཟེར།

པཱ་ཞི་རུ་སྡོད་པའི་ནི་ཁཱ་རཱ་ཀྭའི་གཞུང་ཚབ་ཁང་གིས་ཚེས8ཉིན་སྨྱན་བྱད་ལ་བཤད་རྒྱུར། མཱ་ཐུའུ་ཉིན་དེའི་ཞོགས་པར་པཱ་ཞི་དང་བྲལ་ཡོད་ཟེར། ནི་ཁཱ་རཱ་ཀྭའི་ཙུང་ཐུང་གཞོན་པ་མུའུ་ལི་ལོས་ཀྱིས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཏཱ་ཁི་སི་ཐཱ་ཚེས8ཉིན་གྱི་སྔ་དྲོར་ནི་ཁཱ་རཱ་ཀྭ་དང་བྲལ་ཡོད་ཟེར། མཱ་ཐུའུ་ཕྱིར་ནི་ཁཱ་རཱ་ཀྭ་རུ་ལོག་བཞིན་ཡོད་པ་དང་། རྒྱལ་ནང་དུ་ལོག་རྗེས་ཁྱིམ་ཚང་དཔལ་འབྱོར་གྱི་པུའུ་ཀྲང་གི་འགན་ཁུར་རྒྱུ་ཡིན་ཟེར།

པཱ་ཞིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། པཱ་ཞིའི་སྲིད་གཞུང་གིས་ཟླ7པའི་ཚེས19ཉིན་ནི་ཁཱ་རཱ་ཀྭའི་རྒྱལ་ས་མཱ་ནཱ་ཀྭ་ནས་བསྡུ་རྒྱུ་ཡིན་པའི་སིང་ཏིས་ནོའུ་གསར་བརྗེའི་ལོ་ངོ་ཞེ་ལྔའི་དགའ་སྟོན་རྟེན་འབྲེལ་བྱ་འགུལ་ལ་འཐུས་མི་མ་མངག་པས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་མགོ་བརྩམས་ཡོད། གཞན་ཡང་ནི་ཁཱ་རཱ་ཀྭའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ནི་ཁཱ་རཱ་ཀྭ་ཕྱོགས་ཀྱིས་པཱ་ཞིའི་གཞུང་ཚབ་ཆེན་མོ་མཐར་སྐྲོད་བཏང་བ་ནི་པཱ་ཞི་ཐེངས་འདིའི་དགའ་སྟོན་བྱ་འགུལ་ལ་མ་ཞུགས་པར་རྒོལ་ལན་སྤྲད་པ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།