དཔལ་འབྱོར་རིག་པ་སྨྲ་བ་ཡུག་ནོའུ་སི་ཡིས་མགོ་ཁྲིད་པའི་བྷང་ག་ལཱ་རྒྱལ་ཁབ་ཀྱི་གནས་སྐབས་སྲིད་གཞུང་གིས་ཚེས8ཉིན་གྱི་དགོང་མོར་རྒྱལ་ས་ཏཱ་ཁཱ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
ལས་འགན་ཁུར་བའི་མཛད་སྒོ་དེ་བྷང་ག་ལཱའི་རྒྱལ་ཁབ་ཀྱི་ཙུང་ཐུང་ཁྲུའུ་ཕུའུ་ཡི་སྣེ་ཁྲིད་འོག་ཡོངས་འགྲུབ་བྱས་པ་དང་། གནས་སྐབས་སྲིད་གཞུང་གི་ཁོངས་མིར་དབུ་བཞུགས་བློ་འདོན་པ་ཡུག་ནོའུ་སི་དང་བློ་འདོན་པ་བཅུ་དྲུག་འདུས།
ཡུག་ནོའུ་སི་ཉིན་དེའི་ཕྱི་དྲོར་ཧྥ་རན་སིའི་ཕཱ་རེ་སི་ནས་གནམ་གྲུར་བསྡད་དེ་ཏཱ་ཁཱ་རུ་འབྱོར་རྗེས་གནམ་གྲུ་ཐང་ནས་གཏམ་བཤད་སྤེལ་ཏེ། བཅའ་ཁྲིམས་དང་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ་ནི་ཐོག་མའི་ལས་འགན་ཡིན་པ་དང་། སྲིད་གཞུང་གསར་བས་བྷང་ག་ལཱ་རྒྱལ་ཁབ་མུ་མཐུད་དུ་མདུན་བསྐྱོད་བྱེད་པར་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
ཟླ་འདིའི་ཚེས4ཉིན། བྷང་ག་ལཱ་རུ་རྒྱལ་ཡོངས་རང་བཞིན་གྱི་ངོ་རྒོལ་བྱ་འགུལ་བྱུང་སྟེ། ཙུང་ལི་ཧཱ་ཞི་ནཱ་དང་དེའི་སྲིད་གཞུང་གིས་ལས་འགན་བསྐྱུར་དགོས་པའི་རེ་བ་བཏོན། ཚེས5ཉིན། བྷང་ག་ལཱའི་སྐམ་དམག་གི་ཇུས་འདོན་དཔོན་ཝེ་ཁི་ཝུའུ་ཙི་ཀྲ་མན་གྱིས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཙུང་ལི་ཧཱ་ཞི་ནཱ་ཡིས་ཉིན་དེར་ལས་ཁུར་དགོངས་ཞུ་བྱས་པ་དང་། མི་འགྱངས་པར་གནས་སྐབས་སྲིད་གཞུང་བཙུགས་ནས་རྒྱལ་ཁབ་ལ་དོ་དམ་བྱེད་རྒྱུ་ཡིན་ཟེར། ཚེས6ཉིན་བྷང་ག་ལཱའི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། ཁྲུའུ་ཕུའུ་ཡིས་ཉིན་དེར་རྒྱལ་དམངས་གྲོས་ཁང་གཏོར་བ་ཁྱབ་བསྒྲགས་བྱས། ཚེས7ཉིན་བྷང་ག་ལཱའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆའོ་དབྱེ་ནཱ་ཨར་ཨ་པེ་ཏེན་གྱིས་བདེན་དཔང་བྱས་དོན། ཡུག་ནོའུ་སི་ཡིས་བྷང་ག་ལཱའི་གནས་སྐབས་སྲིད་གཞུང་གི་དབུ་བཞུགས་བློ་འདོན་པའི་འགན་ཁུར་རྒྱུ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།