དབྱི་སི་རལ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་སླར་གསོ་བྱེད་པར་ཡིད་འཐད་བྱུང་།
2024.08.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས9ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་སླར་གསོ་བྱེད་པར་ཡིད་འཐད་བྱུང་བ་དང་། ཟླ་འདིའི་ཚེས15ཉིན་གྲོས་མོལ་འཐུས་ཚབ་ཚོགས་པ་མངག་གཏོང་བྱེད་པའི་འཆར་གཞི་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱིས་འཐུས་ཚབ་ཚོགས་པ་མངག་ནས་སྒྲོམ་གཞིའི་གྲོས་མཐུན་ལག་བསྟར་བྱེད་པའི་བྱེ་བྲག་གི་ནང་དོན་གཏན་འཁེལ་བྱེད་རྒྱུ་ཡིན་ཟེར།

ཁཱ་ཐར་དང་ཨེ་ཅིབ། ཨ་མེ་རི་ཁ་བཅས་ཀྱི་མགོ་ཁྲིད་པས་ཚེས8ཉིན་གྱི་དགོང་མོར་མཉམ་འབྲེལ་གསལ་སྒྲོག་ཅིག་གི་ནང་བསྟན་དོན། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས15ཉིན་ཏའོ་ཧཱ་དང་ཡང་ན་ཁེ་རོ་ནས་གྲོས་མོལ་སླར་གསོ་བྱས་ཏེ། འགལ་བ་སྣ་ཚོགས་མེད་པར་བཏང་ནས་མྱུར་མོར་གྲོས་མཐུན་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།

ན་ནིང་ཟླ10བའི་ཚེས7ཉིན་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་དང་ཧཱ་མཱ་སི་ཡིས་སྐོར་ཐེངས་མང་བོར་གྲོས་མོལ་བྱས། ན་ནིང་ཟླ11པར་ཕྱོགས་གཉིས་ཀྱིས་དུས་ཡུན་ཐུང་ངུའི་འཁྲུག་རྩོད་མཚམས་བཞག་པ་དང་བཀག་འཇུག་ཐེབས་པའི་མི་སྣ་བརྗེ་སྤོར་ཕྱིར་གཏོང་བྱས་རྗེས་གྲུབ་འབྲས་གཞན་པ་ཅི་ཡང་ཐོབ་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།