སི་རི་ཡཱའི་དམག་ཕྱོགས་ཀྱིས་དབྱི་སི་རལ་གྱིས་སི་རི་ཡཱའི་དབུས་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ་མི་བཞིར་རྨས་ཕོག་ཡོད་པའི་ཚུལ་བསྟན།
2024.08.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས8ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་དབུས་ཕྱོགས་ས་ཁུལ་གྱི་དམག་དོན་རྟེན་གཞི་མང་བོར་ཉིན་དེར་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས་ནས། དམག་མི་བཞིར་རྨས་ཕོག་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ས་དེའི་ཚེས8ཉིན་གྱི་དགོང་མོའི་དུས་ཚོད8དང་སྐར་མ་ང་ལྔ་ཡས་མས་སུ། དབྱི་སི་རལ་གྱིས་ལེ་པཱ་ནུན་བྱང་ཕྱོགས་ས་ཁུལ་ནས་སི་རི་ཡཱའི་དབུས་ཕྱོགས་ཀྱི་དམག་དོན་རྟེན་གཞི་མང་བོར་བར་སྣང་འཇབ་རྒོལ་བྱས་ཏེ། དམག་མི་བཞིར་རྨས་ཕོག་པ་དང་། གཞན་ཡང་གྱོང་གུད་བཟོས་ཡོད་ཟེར།

སི་རི་ཡཱའི་སྨྱན་བྱད་ཀྱིས་ཉིན་དེའི་སྔ་དྲོར་བསྒྲགས་པ་ལྟར་ན། སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧའོ་མུའུ་སི་ཞིང་ཆེན་གྱི་ཧྲ་དབྱེ་ལཱ་ཐི་གནམ་གྲུ་ཐང་གི་ཉེ་འདབས་སུ་འགས་གཏོར་གྱི་སྒྲ་ཆེན་པོ་གྲགས་ཟེར།

གཞན་ཡང་སྤྱི་ཁྱབ་པུའུ་དབྱིན་ཇི་རུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བསྒྲགས་པ་ལྟར་ན། ཧྲ་དབྱེ་ལཱ་ཐི་གནམ་གྲུ་ཐང་བར་སྤྱི་ལེ་ལྔ་ཡོད་པའི་མེ་ཤུགས་འཕུར་མདའི་མཛོད་ཁང་ཞིག་ལ་ཚེས8ཉིན་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས་ཏེ། སི་རི་ཡཱའི་སྲིད་གཞུང་དམག་མི་བཞི་དང་བཅས་པའི་མི་བདུན་ལ་རྨས་ཕོག་པ་དང་། དེའི་ནང་མི་གཅིག་གི་རྨས་སྐྱོན་ཚབས་ཆེན་རེད་ཟེར། བར་སྣང་འཇབ་རྒོལ་ལས་བྱུང་བའི་འགས་གཏོར་དེ་དུས་ཚོད་གཅིག་ཙམ་འགོར་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།