ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཕན་ཚུན་ལ་གཞི་རྒྱ་ཆེ་བའི་མི་མེད་གནམ་གྲུའི་འཇབ་རྒོལ་བྱས།
2024.08.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

ཚེས8ཉིན་ནས་ཚེས9ཉིན་བར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཕན་ཚུན་ལ་གཞི་རྒྱ་ཆེ་བའི་མི་མེད་གནམ་གྲུའི་འཇབ་རྒོལ་བྱས་ཏེ། མི་སྣར་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུད་བྱུང་ཡོད་ལ། ཨུ་རུ་སིའི་ལེ་ཕའེ་ཚི་ཁི་མངའ་སྡེའི་དམག་བཀོལ་གནམ་གྲུ་ཐང་ཞིག་ལ་འཇབ་རྒོལ་ཐེབས།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས9ཉིན་དྲ་ཐོག་བརྒྱུད་དེ་ཁྱབ་བསྒྲགས་བྱས་དོན། ཚེས8ཉིན་ནས་ཚེས9ཉིན་གྱི་ཞོགས་པའི་བར། ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་ཨུ་རུ་སིའི་མངའ་ཁོངས་ཀྱི་དམིགས་འབེན་ལ་མི་མེད་གནམ་གྲུ་བཀོལ་ནས་འཇབ་རྒོལ་བྱས། ཨུ་རུ་སིའི་མཁའ་སྲུང་དམག་དཔུང་གིས་པེ་ཨར་ཀི་ལོ་ཏི་མངའ་སྡེ་དང་ལེ་ཕའེ་ཚི་ཁི་མངའ་སྡེ། ཁུའུ་ཨར་སི་ཁི་མངའ་སྡེ། པུའུ་ལིང་སི་ཁི་མངའ་སྡེ། བོ་ལོ་ནེ་རི་མངའ་སྡེ། ཨོ་ལའོ་ཨར་མངའ་སྡེ་སོགས་ནས་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ75སར་འཕངས་པ་རེད། དེ་ལས་གཞན་ཨུ་རུ་སིའི་དམག་དཔུང་གིས་མཚོ་ནག་མཚོ་ཁོངས་ནས་ཁི་ལི་མུས་ཡཱ་ཕྱེད་གླིང་དུ་ཡོང་བའི་མི་མེད་གྲུ་གཟིངས7གཏོར་བཤིག་བཏང་།

ཨུ་རུ་སིའི་ལེ་ཕའེ་ཚི་ཁི་མངའ་སྡེའི་མགོ་བ་ཨ་ཨར་ཐཱ་མའོ་ནོའུ་ཧྥུའུ་ཡིས་ཚེས9ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ལེ་ཕའེ་ཚི་ཁི་མངའ་སྡེ་རུ་ཉིན་དེར་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་ཏེ། མི་དགུར་རྨས་ཕོག་ཡོད་ལ། ས་་ཁུལ་སྐོར་ཞིག་གི་སྡོད་དམངས་བདེ་འཇགས་ས་ཁུལ་དུ་བསྐྱལ་ཡོད། པེ་ཨར་ཀི་ལོ་ཏི་མངའ་སྡེའི་མགོ་བ་ཀི་ལཱ་ཏི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་མཁའ་སྲུང་དམག་དཔུང་གིས་མངའ་སྡེ་དེའི་བར་སྣང་དུ་ཝུའུ་ཁི་ལན་གྱི་དམག་དཔུང་གི་མི་མེད་གནམ་གྲུ29སར་འཕངས་བ་དང་། འཇབ་རྒོལ་ལས་ཁང་བ་དང་རླངས་འཁོར་རེ་འགར་གཏོར་བརླག་ཐེབས་ཡོད་ཟེར།

ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཚེས9ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེར་མི་མེད་གནམ་གྲུ27བཏང་ནས་ཝུའུ་ཁི་ལན་མངའ་ཁོངས་ཀྱི་ས་ཁུལ་བདུན་ལ་འཇབ་རྒོལ་བྱས་པ་དང་། མི་མེད་གནམ་གྲུ་དེ་དག་སར་འཕངས་ཡོད་ཟེར།

དེ་ལས་གཞན་ཝུའུ་ཁི་ལན་གྱི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཚེས9ཉིན་སྤྱི་སྒྲོག་སྤེལ་ཏེ། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཉིན་དེར་ཨུ་རུ་སིའི་ལེ་ཕའེ་ཚི་ཁི་མངའ་སྡེའི་གནམ་གྲུ་ཐང་ཞིག་ལ་འཇབ་རྒོལ་བྱས་པ་དང་། གནམ་གྲུ་ཐང་ཉེ་འདབས་ཀྱི་འཕུར་མདའི་མཛོད་ཁང་དང་གནམ་གྲུ་མང་བོར་འགས་གཏོར་བཏང་ཡོད་ཟེར། ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡི་ལེ་ཕའེ་ཚི་ཁི་མངའ་སྡེའི་སྤྱི་ཁྱབ་ཅུའུ་ཡིས་མངའ་སྡེ་དེའི་དམག་བཀོལ་གནམ་གྲུ་ཐང་ཞིག་ལ་མེ་སྐྱོན་བྱུང་བ་བདེན་དཔང་བྱས་ཀྱང་། བྱེ་བྲག་གི་ནང་དོན་གསལ་བོར་བསྒྲགས་མེད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས9ཉིན་སྤྱི་སྒྲོག་སྤེལ་ཏེ་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཚེས6ཉིན་ནས་བཟུང་ཁུའུ་ཨར་སི་ཁི་ཕྱོགས་སུ་སྤེལ་བའི་དམག་དོན་འགུལ་སྐྱོད་ཁྲོད་མི945དང་ཁྲབ་ལྡན་འཁོར་ལོ102ལྷག་གི་གྱོང་གུད་བྱུང་ཡོད་ཟེར། ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚེས9ཉིན་ཁུའུ་ཨར་སི་ཁི་མངའ་སྡེའི་བྲེལ་མྱུར་རྣམ་པའི་རིམ་པ་དེ་རྒྱལ་ཕན་མཉམ་འབྲེལ་གྱི་རིམ་པར་ཇེ་མཐོར་གཏོང་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།