པཱ་ཞིའི་བོ་ཕཱ་སི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཚེས9ཉིན་རྒྱལ་ཁབ་དེའི་ཤར་ལྷོའི་ཕྱོགས་ཀྱི་ཧྲིན་པའོ་ལོ་མངའ་སྡེའི་ཝེ་ནེ་ཏུའུ་གྲོང་ཁྱེར་ནས་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་མི62བོ་ཚང་མ་རྐྱེན་ལམ་དུ་ཤོར།
པཱ་ཞིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འགྲུལ་སྐྱེལ་གནམ་གྲུ་ཞིག་པཱ་ལཱ་ནཱ་མངའ་སྡེའི་ལྷོ་ཕྱོགས་ཀྱི་ཁཱ་སི་ཁཱ་ཝེ་ཨར་གྲོང་ཁྱེར་ནས་ཧྲིན་པའོ་ལོ་མངའ་སྡེའི་ཀྭ་ལུའུ་ལིའུ་སི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འཕུར་བ་དང་། ཉིན་དེའི་ཕྱི་དྲོར་ཧྲིན་པའོ་ལོ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ80ཡོད་པའི་ཝེ་ནེ་ཏུའུ་གྲོང་ཁྱེར་ནས་སར་ལྷུང་བ་དང་། ས་དེའི་མེ་གསོད་རུ་ཁག་དེའི་རྗེས་སུ་དོན་རྐྱེན་བྱུང་སར་སོང་ནས་རྒུད་སྐྱོབ་བྱ་བ་སྤེལ།
གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བརྙན་ཕབ་བྱས་པའི་བརྙན་རིས་ལས་མངོན་པ་ལྟར་ན། འགྲུལ་སྐྱེལ་གནམ་གྲུ་ཞིག་བར་སྣང་དུ་ལྡིང་སྐོར་བྱེད་བཞིན་ཐད་ཀར་དུ་སར་ལྷུང་བ་དང་། སྡོད་ཁུལ་ཞིག་གི་ཉེ་འདབས་ནས་དུད་ནག་འཕྱུར་ནས་ས་ཁུལ་ཆེན་པོ་མེར་འབར་བ་རེད།
པཱ་ཞིའི་བོ་ཕཱ་སི་མཁའ་འགྲུལ་ཀུང་ཟིས་བཤད་རྒྱུར། འགྲུལ་སྐྱེལ་གནམ་གྲུའི་སྟེང་དུ་འགྲུལ་བ58དང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ4ཡོད་ཟེར། ཝེ་ནེ་ཏུའུ་གྲོང་ཁྱེར་སྲིད་གཞུང་གིས་བདེན་དཔང་བྱས་དོན། སར་ལྷུང་བའི་གནམ་གྲུའི་སྟེང་སྲོག་ཉེན་ལས་ཐར་བའི་མི་གཅིག་ཀྱང་མེད་པ་དང་། བྱ་བའི་ཚན་ཆུང་བཙུགས་ནས་གནམ་གྲུ་སར་ལྷུང་བའི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།
ལྷོ་ཕྱོགས་ཀྱི་ཧྲིན་ཁཱ་ཐཱ་ལིན་ནཱ་མངའ་སྡེ་རུ་བྱ་འགུལ་ལ་ཞུགས་བཞིན་པའི་པཱ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་ཉིན་དེར་གཏམ་བཤད་སྤེལ་ཏེ། ཚོགས་ཞུགས་མི་སྣས་ཝེ་ནེ་ཏུའུ་ཡི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལ་སྐར་མ་གཅིག་རིང་མྱ་ངན་ཞུ་དགོས་པའི་རེ་བ་བཏོན།
ཧྲིན་པའོ་ལོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་བསྟན་དོན། འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་དེ་ཤེས་རྗེས། འབྲེལ་ཡོད་ཕྱོགས་བར་འབྲེལ་གཏུག་བྱེད་བཞིན་ཡོད་ལ། མིག་སྔར་གནམ་གྲུའི་སྟེང་དུ་ཀྲུང་གོའི་སྤྱི་དམངས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།