མཱ་ལིའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཡིས་ཚེས9ཉིན་ཁྱབ་བསྒྲགས་བྱས་དོན། མཱ་ལི་རུ་སྡོད་པའི་སུའེ་ཏེན་གྱི་གཞུང་ཚབ་ཆེན་མོ་ཆིས་ནེ་ཨར་དུས་ཚོད72རིང་མཱ་ལིའི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན་ཡོད་ཟེར།
མཱ་ལིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། སུའེ་ཏེན་གྱི་ཕྱི་ཕྱོགས་ཉོ་ཚོང་བློན་ཆེན་དང་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་བློན་ཆེན་འགན་གཅིག་ལྕོགས་སུ་ཁུར་མཁན་ཧྥུའུ་སེ་ཨར་གྱིས་མཱ་ལི་ལ་དམིགས་ནས་སྤེལ་བའི་དགྲར་འཛིན་གྱི་གཏམ་བཤད་དེའི་དབང་གིས་མཱ་ལིའི་ཕྱི་འབྲེལ་པུའུ་ཡིས་ཚེས9ཉིན་ཆིས་ནེ་ཨར་བོས་ནས་ཐུག་འཕྲད་བྱས་པ་་དང་། ཁོ་མོ་དུས་ཚོད72རིང་མཱ་ལིའི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན་པ་ཡིན་ཟེར།
ཧྥུའུ་སེ་ཨར་གྱིས་ཚེས7ཉིན་དྲ་ཚིགས་བརྒྱུད་དེ་མཱ་ལི་ཡིས་ཨུ་རུ་སིར་རྒྱབ་སྐྱོར་བྱས་པར་སྐྱོན་འཛུགས་བྱས་པ་དང་། སུའེ་ཏེན་སྲིད་གཞུང་གིས2024ལོར་རིམ་བཞིན་མཱ་ལིའི་རོགས་སྐྱོར་མེད་པར་གཏོང་རྒྱུ་ཐག་བཅད་ཡོད་ཟེར།
མཱ་ལིའི་བར་བརྒལ་སྲིད་གཞུང་གིས་ཚེས4ཉིན་སྤྱི་སྒྲོག་སྤེལ་ཏེ། ཝུའུ་ཁི་ལན་གྱི་དམག་དོན་གསང་འཕྲིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཡུག་སོ་ཧྥུའུ་ཡིས་ཉེ་སྔོན་མགོ་རྟིང་སློག་པའི་གཏམ་བཤད་སྤེལ་ཏེ། ཝུའུ་ཁི་ལན་དྲག་ཆས་འཇིགས་སྐུལ་ཚོགས་ཁག་གིས་སྤེལ་བའི་འཇབ་རྒོལ་ནང་ཞུགས་པ་ཁས་ལེན་བྱས་པ་དང་། དེ་ལས་མཱ་ལིའི་དམག་དཔུང་ལ་རྒྱལ་ཁབ་དེའི་བྱང་ཤར་ཕྱོགས་ཀྱི་འཐབ་འཛིང་ཁྲོད་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཐེབས་ས་བཅུག་ཡོད་ཟེར། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱི་བྱ་སྤྱོད་དེས་མཱ་ལིའི་བདག་དབང་ལ་གནོད་སྐྱེལ་ཡོད་པ་དང་། རྒྱལ་ཁབ་གཞན་པར་ཐེ་གཏོགས་བྱེད་པའི་ཁྱབ་ཁོངས་ལས་བརྒལ་ནས་མཱ་ལི་ལ་མངོན་གསལ་གྱིས་བཙན་འཛུལ་བྱས་པ་ཡིན་པས། མཱ་ལིའི་བར་བརྒལ་སྲིད་གཞུང་གིས་མྱུར་མོར་ཝུའུ་ཁི་ལན་བར་གྱི་ཕྱི་ཕྱོགས་འབྲེལ་ཐག་གཅོད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།