ཐན་ཙན་ནི་ཡཱའི་ཙུང་ཐུང་མུའུ་ཝེ་ནེ་ཡིས་ཨ་ཧྥེ་རི་ཁཱ་དང་ཀྲུང་གོའི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་ཐུབ་པའི་ཚུལ་བསྟན།
2024.08.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཐན་ཙན་ནི་ཡཱའི་ཙུང་ཐུང་མུའུ་ཝེ་ནེ་ཡིས་ཉེ་སྔོན་བསྟན་དོན། ད་ལོ་ནི་ཐན་ཙན་ནི་ཡཱ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ60འགོར་བའི་ལོ་ཡིན་པ་དང་། ལོ་ངོ60རིང་ལ། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་ཐན་ཙན་ནི་ཡཱ་དང་ཐ་ན་ཨ་ཧྥེ་རི་ཁ་གླིང་ཧྲིལ་བོའི་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ལ། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ལ་མ་འོངས་པར་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་ངེས་རེད་ཟེར།

མུའུ་ཝེ་ནེ་ཚེས7ཉིན་ཐན་ཙན་ནི་ཡཱའི་སེང་གེ་པཱ་ཨར་ནས་ཀྲུང་གོའི་ཁེ་ལས་ཀྱི་དངུལ་གཏོང་འཛུགས་སྐྲུན་བྱས་པའི་གསར་གཏོད་སྨན་བཟོ་དང་སྐྱེ་དངོས་འགོག་སྨན་གྱི་ཞིབ་འཇུག་དང་། ཉི་འོད་གློག་འདོན་སོགས་ལས་གཞིའི་ཆིངས་ཡིག་འགོད་པའི་མཚད་སྒོར་ཞུགས་ཏེ་གོང་གི་སྐད་ཆ་དེ་བཤད་པ་རེད།

ཞུ་ཚིག་འབུལ་སྐབས་མུའུ་ཝེ་ནེ་ཡིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་གྲུབ་འབྲས་ལ་གཟེངས་བསྟོད་བྱས་པ་དང་། མི་འགྱངས་པར་པེ་ཅིང་ནས་བསྡུ་རྒྱུ་ཡིན་པའི2024ལོའི་ཀྲུང་གོ་དང་ ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་རེ་སྒུག་ཆེན་པོ་བྱེད་པའི་ཚུལ་བསྟན། ཐན་ཙན་ནི་ཡཱ་ཡིས་སྔར་ལས་མང་བའི་ཀྲུང་གོའི་དངུལ་གཏོང་ནང་འགུག་ཐུབ་པར་རེ་བཞིན་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་ཆིངས་ཡིག་བཀོད་པའི་ཀྲུང་གོའི་ཁེ་ལས་ནི་ཨ་ཧྥེ་རི་ཁ་གླིང་སྐྱེ་དངོས་རྫས་འགྱུར་ཀུང་ཟི་དངABCགློག་ཤུགས་ཚན་རྩལ་ཀུང་ཟི་ཡིན་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་དངུལ་གཏོང་འཛུགས་སྐྲུན་བྱས་པའི་ལས་གཞི་དེས་ཨ་ཧྥེ་རི་ཁ་གླིང་གི་རྒྱུན་མཐོང་ནད་ཡམས་དང་རྣམ་པ་གསར་བའི་འགོ་ནད་ལ་དམིགས་པའི་གསར་གཏོད་་སྨན་རྫས་དང་འགོག་སྨན་ཞིབ་འཇུག་དང་ཐོན་སྐྱེད་བྱེད་རྒྱུ་མ་ཟད། སེང་གེ་པཱ་ཨར་ལ་ཉི་འོད་ནུས་པ་ལག་རྩལ་དང་སྒྲིག་ཆས་འདོན་སྤྲོད་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།