ཨེ་ཀྭ་ཏོར་གྱིས་ས་ཁུལ་མང་བོར་མཚན་མགྲོན་འགོག་རྒྱུ་ཁྱབ་བསྒྲགས་བྱས།
2024.08.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཨེ་ཀྭ་ཏོར་གྱི་ཙུང་ཐུང་ནོའུ་བོ་ཡཱ་ཡིས་ཚེས8ཉིན་སྲིད་འཛིན་བཀའ་རྒྱ་བཀོད་དེ། ཨ་སུའུ་ཨེ་ཞིང་ཆེན་དང་ཀྭ་ཡཱ་སི་ཞིང་ཆེན། ལོ་ས་ལི་ཨོ་སི་ཞིང་ཆེན། ཨོ་ལོས་ཡཱ་ནཱ་ཞིང་ཆེན་བཅས་ཞིང་ཆེན་བཞིའི་ཁོངས་སུ་གཏོགས་པའི་ས་ཁུལ་ཉེར་བཞི་ནས་མཚན་མགྲོན་འགོག་་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

སྲིད་འཛིན་བཀའ་རྒྱ་ལས་བཤད་རྒྱུར། ཨེ་ཀྭ་ཏོར་མི་དམངས་ཀྱི་བདེ་་འཇགས་ལ་འགན་སྲུང་བྱེད་ཆེད། ཨ་སུའུ་ཨེ་ཞིང་ཆེན་གྱི་ཕིན་སེ་ཨིན་ལི་ཁི་སི་གྲོང་ཁྱེར་དང་ཀྭ་ཡཱ་སི་ཞིང་ཆེན་གྱི་ཏུའུ་ལན་གྲོང་ཁྱེར། ལོ་སི་ལི་ཨོ་སི་ཞིང་ཆེན་གྱི་པཱ་པཱ་ཨོ་ཡའོ་གྲོང་ཁྱེར། དེ་མིན་ཨོ་ལོས་ཡཱ་ནཱ་ཞིང་ཆེན་གྱི་ལོ་ལོས་ཐའོ་གྲོང་ཁྱེར་སོགས་བྲེལ་མྱུར་བྱེད་ཐབས་སྤྱོད་དགོས་པའི་ས་ཁོངས་གཙོ་བོ་ནས་མཚན་མགྲོན་འགོག་པའི་བྱེད་ཐབས་ལག་བསྟར་བྱས་པ་དང་། ཡུན་ཚད་ནི་དགོང་མོའི་དུས་ཚོད་བཅུ་ནས་ཕྱི་ཉིན་ཞོགས་པའི་དུས་ཚོད་ལྔའི་བར་ཡིན་པ་དང་། ཐེངས་འདིའི་མཚན་མགྲོན་འགོག་པའི་བྱེད་ཐབས་དེ་ཚེས8ཉིན་ནས་བཟུང་ལག་བསྟར་བྱས་པ་ཡིན་ལ། མཚམས་འཇོག་པའི་དུས་ཚོད་གཏན་འཁེལ་བྱས་མེད་ཟེར།

སྲིད་འཛིན་བཀའ་རྒྱ་ལས་བཤད་རྒྱུར། ཆོད་དོན་དེ་ནི་གོང་གི་ས་ཁུལ་དེ་དག་གི་བདེ་འཇགས་གནས་བབ་ལ་དབྱེ་ཞིབ་ནན་མོ་བྱས་རྗེས་བཏོན་པ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།