མཱ་ཁི་ལུང་གིས་ཨེ་ཅིབ་དང་ཁཱ་ཐར། དབྱིན་ཇི་བཅས་ཀྱི་མགོ་ཁྲིད་པར་ཁ་པར་བཏང་ནས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
2024.08.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་དགུ་ཉིན་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། ཙུང་ཐུང་མཱ་ཁི་ལུང་གིས་ཉེ་སྔོན་དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་ནས་སོ་སོར་ཨེ་ཅིབ་དང་ཁཱ་ཐར། དབྱིན་ཇི་བཅས་ཀྱི་མགོ་ཁྲིད་པར་ཁ་པར་བཏང་སྟེ། ཅཱ་ཧྲ་ས་ཁུལ་དུ་མྱུར་མོར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

མཱ་ཁི་ལུང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དངང་ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་ནམ་ཕྱི་འབྲེལ་བློན་ཆེན་མུའུ་ཧན་མའོ་ཏི་གཉིས་ལ་ཁ་པར་གཏོང་སྐབས་བཤད་རྒྱུར། ཛ་དྲག་གི་གནས་བབ་མདུན་ནས་ཅཱ་ཧྲ་ས་ཁུལ་དུ་མྱུར་མོར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱས་ཏེ། བཀག་འཇུག་ཐེབས་པའི་མི་སྣ་ཚང་མ་ཕྱིར་གཏོང་བ་དང་། ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། འབྲེལ་ཡོད་ཕྱོགས་སོ་སོས་འཁོན་ལན་སློག་མཚམས་བཞག་སྟེ་ས་ཁུལ་དེར་གནོད་འཚེ་འབྱུང་བར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་ཡུན་རིང་ཞིང་བློ་གཏད་རུང་བའི་ཉམས་ཉེན་ཐག་གཅོད་ཀྱི་ཇུས་གཞི་འཚོལ་ཞིབ་བྱེད་པར་སྐུལ་འདེད་གཏོང་བར་ཡིད་འཐད་བྱུང་།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་སྤྱི་སྒྲོག་གཞན་ཞིག་ཏུ་བཤད་རྒྱུར། མཱ་ཁི་ལུང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་དང་ཁ་པར་གྲོས་མོལ་བྱེད་སྐབས་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་ནི་ས་དེའི་མི་སེར་དཀྱུས་མར་སྲུང་སྐྱོབ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པ། གནས་བབ་ཞི་འཇགས་སུ་གཏོང་བ་བཅས་ཀྱི་དགོས་ངེས་ཀྱི་ཆ་རྐྱེན་ཡིན་ཟེར།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་་ཚེས་དགུ་ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ནས་་བཤད་རྒྱུར། ཕྱོགས་མང་བོའི་བར་འདུམ་འོག་ཏུ། དབྱི་སི་རལ་གྱིས་ཟླ་འདིའི་ཚེས་བཅོ་ལྔ་ཉིན་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བ་སོགས་ཀྱི་གྲོས་མོལ་སླར་གསོ་བྱེད་པར་འཐད་པ་བྱུང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།