སུའུ་ཏན་གྱི་ས་ཁུལ་མང་བོར་དྲག་ཆར་བབས་ནས་ཆུ་ལོག་བྱུང་སྟེ་མི53རྐྱེན་ལམ་དུ་ཤོར།
2024.08.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

སུའུ་ཏན་གྱི་འཕྲོད་བསྟེན་པུའུ་ཡིས་ཚེས10ཉིན་བཤད་རྒྱུར། ད་ལོའི་ཟླ6པའི་ཚུན་ལ། རྒྱལ་ཁབ་དེའི་ས་ཁུལ་མང་བོར་དྲག་ཆར་བབས་ཏེ་ཆུ་ལོག་གི་གནོད་འཚེ་བྱུང་སྟེ། མི53རྐྱེན་ལམ་དུ་ཤོར་བ་དང་། མི155ལ་རྨས་ཕོག་ཡོད་ཟེར།

སུའུ་ཏན་འཕྲོད་བསྟེན་པུའུ་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། སུའུ་ཏན་དུ་བསྡོམས་པས་མངའ་སྡེ9ཡི་ས་ཁུལ38ལ་དྲག་ཆར་བབས་ཏེ་ཆུ་ལོག་གི་གནོད་འཚེ་བྱུང་ཡོད་པ་དང་། ཁང་བ2000ལྷག་ཡོངས་སུ་རྡིབས་པ་དང་། ཁང་བ4000ལྷག་ལ་གཏོར་སྐྱོན་ངེས་ཅན་ཐེབས་ཡོད་ལ། ཁྱིམ་ཚང9777ལྷག་ལ་གནོད་པ་ཐེབས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དྲག་ཆར་བབས་ཏེ་ཆུ་ལོག་གི་གནོད་འཚེ་བྱུང་བ་ལས་སུའུ་ཏན་གྱི་ས་ཁུལ་མང་བོར་བཤལ་ནད་བྱུང་ཡོད་པ་དང་། ཚེས9ཉིན་ནད་པ25ཇེ་མང་དུ་སོང་ཡོད། ཁཱ་སཱ་ལཱ་མངའ་སྡེ་དང་ཁཱ་ཐུའུ་མུའུ་མངའ་སྡེ། ཅེ་ཅི་ལཱ་མངའ་སྡེ་བཅས་སུ་ནད་ཡམས་བྱུང་བའི་ནད་པ192ལ་བསླེབས་ཡོད་ཟེར།

སུའུ་ཏན་གྱི་ཆར་ཆུ་མོད་པའི་དུས་ཚིགས་ནི་སྤྱིར་བཏང་དུ་ཟླ7པ་ནས་མགོ་བརྩམས་པ་ཡིན་ཞིང་། ཟླ9བའམ་ཟླ10བའི་བར་ཡིན་ལ། དེའི་ནང་ཆར་ཆུའི་འབབ་ཚད་ཇེ་མང་དུ་སོང་ནས་ཆུ་ལོག་གི་གནོད་འཚེ་མང་དུ་འབྱུང་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།