ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་སྨྱན་བྱད་གཞུང་སྒྲུབ་ཁང་གིས་ཚེས10ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་སྔ་དྲོར་ཅཱ་ཧྲ་མཁར་གྱི་སློབ་གྲྭ་ཞིག་ལ་འགས་གཏོར་བཏང་སྟེ། མི100ལྷག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་ཕྲག་འགར་རྨས་ཕོག་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། འགས་གཏོར་ཐེབས་པའི་ཐཱ་པེན་སློབ་གྲྭ་དེར་ཡུལ་འཁྱམས་བྱེད་པའི་མང་ཚོགས་མང་བོ་བསྡད་ཡོད་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་འགས་གཏོར་གཏོང་སྐབས། མང་ཚོགས་མི་ཉུང་བ་ཞིག་གིས་ཕྱག་འཚལ་བཞིན་ཡོད། འདས་པོའི་ཁ་གྲངས་མང་བའི་དབང་གིས་རྒུད་སྐྱོབ་མི་སྣས་རྐྱེན་ལམ་དུ་ཤོར་བའི་མི་ཚང་མའི་བེམ་པོ་རྙེད་མེད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཧཱ་མཱ་སི་ཡིས་ཐེངས་འདིའི་འགས་གཏོར་ལ་རྒོལ་གཏམ་དྲག་པོ་བཏང་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་མཁའ་དམག་གིས་གསང་འཕྲིན་གཞིར་བཟུང་ནས་ཅཱ་ཧྲ་མཁར་གྱི་ཉེ་འདབས་སུ་ཡོད་པའི་དབྱི་སི་ལན་ཆོས་ཁང་དང་ཐཱ་པེན་སློབ་གྲྭའི་ནང་ཡོད་པའི་ཧཱ་མཱ་སིའི་བཀོད་འདོམ་ལྟེ་གནས་ཤིག་ལ་གནད་འཁེལ་ཆམ་ཕབ་བཏང་ཡོད་ཟེར། དབྱི་སི་རལ་ཕྱོགས་ཀྱིས་གནས་དེ་ནི་ཧཱ་མཱ་སིའི་ཁོངས་མིའི་སྦས་སྐོང་བྱེད་ས་ཞིག་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།