ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཅཱ་ལན་ཐི་གཉིས་ཀྱིས་ཚེས9ཉིན་ཁ་པར་གྲོས་མོལ་བྱས་པ་དང་། དབུས་ཤར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་སྔར་ལས་ཇེ་སྡུག་ཏུ་སོང་ན་ཕྱོགས་གང་རུང་གི་ཁེ་ཕན་དང་ཡང་མི་འཚམ་པའི་ཚུལ་བསྟན་པ་དང་། ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པར་དགོས་གལ་ཧ་ཅང་ཆེ་བ་བསྐྱར་སྒྲོག་བྱས།
དེའི་ཞོར་དུ་ཨ་མེ་རི་ཁས་མུ་མཐུད་དུ་དབྱི་སི་རལ་གྱི་དམག་དཔུང་ལ་རོགས་སྐྱོར་བྱེད་རྒྱུ་མ་ཟད། དབུས་ཤར་ས་ཁུལ་དུ་དམག་ཤུགས་བཀོད་སྒྲིག་བྱེད་རྒྱུ་རེད། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་དམག་སྤྱི་གཞོན་པ་ཧྥ་ཏཱ་ཝེ་ཡིས་བཤད་རྒྱུར། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ཡིས་དབྱི་སི་རལ་ལ་ཆད་གཅོད་ནན་མོ་བྱེད་པའི་བཀའ་རྒྱ་དེ་བྱེད་ཐབས་ཆེས་བཟང་བོས་མངོན་འགྱུར་ཐོབ་ཡོད་ཟེར།
ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། པུའུ་ལིན་ཁིན་དང་ཅཱ་ལན་ཐི་གཉིས་ཀྱིས་ཁ་པར་གྲོས་མོལ་བྱེད་སྐབས། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་སི་རལ་གྱི་བདེ་འཇགས་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས་པ་དང་། ཞོར་དུ་གནས་བབ་སྔར་ལས་ཇེ་སྡུག་ཏུ་སོང་ན་ཕྱོགས་གང་རུང་གི་ཁེ་ཕན་ལའང་མི་མཐུན་ཟེར། པུའུ་ལིན་ཁིན་གྱིས་ནན་གྱིས་བསྟན་དོན། ཅཱ་ཧྲ་ས་ཁུལ་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པ་དང་། བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བ། ཅཱ་ཧྲ་ས་ཁུལ་ལ་སྔར་ལས་མང་བོའི་མི་ཆོས་རོགས་སྐྱོར་ཐོབ་ཏུ་འཇུག་པར་དགོས་གལ་ཆེ་བར་མ་ཟད། སྔར་ལས་རྒྱ་ཆེ་བའི་སྒོ་ནས་ས་ཁུལ་གྱི་གཏན་འཇགས་ཆེད་དུ་ཆ་རྐྱེན་བསྐྲུན་དགོས་ཟེར།
པུའུ་ལིན་ཁིན་གྱིས་ད་རུང་བསྟན་དོན། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་སི་རལ་དང་ལེ་པཱ་ནུན་མཐའ་མཚམས་ས་ཁུལ་གྱི་སྡོད་དམངས་དག་ཕྱིར་རང་ཁྱིམ་དུ་ལོག་ཏུ་འཇུག་དགོས་པའི་རེ་བ་བཏོན། ཉེ་སྔོན་དབྱི་སི་རལ་དང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་མཐའ་མཚམས་ས་ཁུལ་ནས་བསྟུད་མར་འཁྲུག་རྩོད་བྱས་པའི་ཤུགས་རྐྱེན་ལས། ལེ་པཱ་ནུན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་མཐའ་མཚམས་སྡོད་དམངས་མང་བོ་ཕྱིར་འཐེན་མི་བྱེད་ཐབས་མེད་བྱུང་ཡོད་ཟེར།
ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསལ་སྒྲོག་ལས་དབྱི་ལིང་གསལ་བོར་གླེང་མེད། ས་ཁུལ་གྱི་གནས་བབ་ལ་དམིགས་ནས། ཅཱ་ལན་ཐི་ཡིས་ཚེས་བརྒྱད་ཉིན་ད་རུང་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ཨོ་སི་ཏེན་དང་ཁ་པར་གྲོས་མོལ་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།