​ཨུ་རུ་སི་དཀར་པོའི་ཙུང་ཐུང་གིས་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ་མང་བོ་སར་འཕངས་པའི་ཚུལ་བསྟན།
2024.08.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 52

ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཚེས10ཉིན་སྨྱན་བྱད་ལ་བཤད་རྒྱུར། ཨུ་རུ་སི་དཀར་པོའི་མཁའ་དམག་དང་མཁའ་སྲུང་དམག་དཔུང་གིས་ཚེས་དགུ་ཉིན་གྱི་དགོང་མོར་ཤར་ཕྱོགས་མཐའ་མཚམས་ས་ཁུལ་གྱི་བར་སྣང་ནས་ཝུའུ་ཁི་ལན་ནས་ཡོང་བའི་མི་མེད་གནམ་གྲུ་མང་བོ་སར་འཕངས་ཟེར།

ལུའུ་ཁཱ་ཧྲིན་ཁི་ཡིས་བཤད་རྒྱུར། ཚེས་དགུ་ཉིན་གྱི་དགོང་མོར། ཨུ་རུ་སི་དཀར་པོའི་མཁའ་དམག་དང་མཁའ་སྲུང་དམག་དཔུང་གིས་ཨུ་རུ་སི་དང་འདབས་འབྲེལ་དུ་ཡོད་པའི་ཤར་ཕྱོགས་མཐའ་མཚམས་ས་ཁུལ་ནས་ཝུའུ་ཁིཁ་ལན་ནས་ཡོང་བའི་བར་སྣང་གི་དམིགས་འབེན་མང་བོ་ཨུ་རུ་སི་དཀར་པོའི་མཁའ་ཁོངས་སུ་ཡོང་བ་མཐོང་ནས། རིམ་པ་དང་པོའི་དམག་གྲབས་རྣམ་པར་གནས་པ་དང་། དེའི་རྗེས་སུ་དམིགས་འབེན་སྐོར་ཞིག་གཏོར་བཤིག་བཏང་ཡོད་ཟེར།

ལུའུ་ཁཱ་ཧྲིན་ཁི་ཡིས་བཤད་རྒྱུར། ཨུ་རུ་སི་དཀར་པོ་ཕྱོགས་ཀྱིས་དམིགས་འབེན་དེ་དག་ནི་ཚུར་རྒོལ་རྣམ་པ་ཅན་གྱི་མི་མེད་གནམ་གྲུ་ཡིན་པ་དང་།སར་འཕངས་པའི་དམིགས་འབེན་གྱི་ཆག་རོ་འཚོལ་ཞིབ་བྱེད་པའི་བྱ་བ་སྤེལ་བཞིན་ཡོད་ཟེར།

ལུའུ་ཁཱ་ཧྲིན་ཁི་ཡིས་ད་རུང་བཤད་རྒྱུར། མི་མེད་གནམ་གྲུ་ལྷག་མ་དག་ཨུ་རུ་སིའི་ཕྱོགས་སུ་འཕུར་བ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་མཉམ་སྤྱོད་བྱས་པའི་གནས་ཚུལ་ལས་མངོན་པ་ལྟར་ན། དམིགས་འབེན་དེ་དག་ཨུ་རུ་སིའི་ཡཱ་ལའོ་སི་ལཱ་ཧྥུའུ་ཨར་ཉེ་འདབས་ནས་སར་འཕངས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།