ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས10ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་གྱིས་ཅཱ་ཧྲ་མཁར་གྱི་སློབ་གྲྭ་ཞིག་ལ་འགས་གཏོར་བཏང་སྟེ་མི་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་བཟོས་པར་མྱུར་མོར་རྟོག་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྒེར་ཚུགས་ཀྱི་རྟོག་ཞིབ་པ་མངག་གཏོང་བྱས་ནས་རྟོག་ཞིབ་བྱེད་དགོས་པའི་རེ་བ་བཏོན།
གསལ་སྒྲོག་ལས་དབྱི་སི་རལ་གྱིས་མངོན་སུམ་འཛེམ་མེད་ཀྱིས་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལ་འགལ་བའི་བྱ་སྤྱོད་སྤེལ་བབར་རྒོལ་གཏམི་བཏང་བ་དང་། དབྱི་སི་རལ་གྱི་འགས་གཏོར་བྱ་སྤྱོད་དེ་ནི་འཇིགས་སུ་རུང་བའི་དམར་གསོད་ཆེན་མོ་ཞིག་རེད་ཟེར།གསལ་སྒྲོག་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡུལ་འཁྱམས་མཁན་ལ་ཕྱོགས་ཡོངས་ཀྱི་སྲུང་སྐྱོབ་འདོན་སྤྲོད་བྱས་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ཁོ་ཚོ་ཅཱ་ཧྲ་ས་ཁུལ་ནས་མཐར་སྐྲོད་གཏོང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་སྨྱན་བྱད་གཞུང་སྒྲུབ་ཁང་གིས་ཚེས་བཅུ་ཉིན་གྱི་སྔ་དྲོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་སྔ་དྲོར་ཅཱ་ཧྲ་མཁར་་གྱི་ཡུལ་འཁྱམས་མང་ཚོགས་མང་བོ་འདུས་སྡོད་བྱེད་སའི་སློབ་གྲྭ་ཞིག་ལ་འགས་གཏོར་བཏང་སྟེ། མི་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་ཕྲག་འགར་རྨས་ཕོག་ཟེར།
ཁཱ་ཐར་དང་ཨེ་ཅིབ། ཨ་མེ་རི་ཁ་བཅས་ཀྱི་མགོ་ཁྲིད་པས་ཚེས་བརྒྱད་ཉིན་གྱི་དགོང་མོར་མཉམ་འབྲེལ་གསལ་སྒྲོག་ཅིག་གི་ནང་བསྟན་དོན། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་དབྱི་སི་རལ་དང་ཧཱ་མཱ་སི་ཡིས་ཚེས་བཅོ་ལྔ་ཉིན་ཏའོ་ཧཱའམ་ཡང་ན་ཁེ་རོ་ནས་གྲོས་མོལ་སླར་གསོ་བྱས་ཏེ།འགལ་བ་ལྷག་འཕྲོ་ཚང་མ་ཐག་གཅོད་བྱས་ནས་མྱུར་དུ་གྲོས་མཐུན་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་། དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་དགུ་ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་ཕྱོགས་ཀྱིས་ཅཱ་ཧྲའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་སླར་གསོ་བྱེད་པར་འཐད་པ་བྱུང་ཡོད་པ་དང་། ཟླ་འདིའི་ཚེས་བཅོ་ལྔ་ཉིན་གྲོས་མོལ་འཐུས་ཚབ་ཚོགས་པ་མངག་གཏོང་བྱེད་རྒྱུའི་འཆར་གཞི་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།