ཧཱ་མཱ་སིས་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱེད་པའི་འབོད་སྐུལ་བཏང་།
2024.08.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཚེས11ཉིན་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧཱ་མཱ་སི་ཡིས་གསལ་བསྒྲགས་སྤེལ་ཏེ། ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་ཕྱོགས་ཀྱིས་དེའི་སྔོན་གྲོས་མོལ་བྱས་པའི་མཇུག་འབྲས་ལས་གཏན་འབེབས་བྱས་པའི་འཆར་གཞི་ལྟར། དབྱི་སི་རལ་ལ་དེ་ལག་བསྟར་བྱེད་དུ་འཇོག་པའི་འབོད་སྐུལ་བཏང་བ་དང་།  ཐེངས་མང་པོའི་གྲོས་མོལ་དང་གྲོས་གཞི་གསར་བ་འདོན་པའི་རེ་བ་བཅངས་མེད་པའི་ཚུལ་བསྟན།

གསལ་བསྒྲགས་ལས་བཤད་རྒྱུར། ཕ་ལེ་སི་ཐན་དང་དབྱི་སི་རལ་བར་འགལ་ཟླ་གསར་བ་བྱུང་བའི་ཚུན་དུ། ཧཱ་མཱ་སིས་དུས་ནམ་ཡང་འདུམ་འགྲིག་ཕྱོགས་ཨེ་ཅིབ་དང་ཁཱ་ཐར་གྱི་འབད་བརྩོན་ལ་རྒྱལ་ཁ་ཐོབ་པའི་རེ་བ་བཅངས་ནས། དེའི་ཆེད་གྲོས་མོལ་ཐེངས་མང་ལ་ཞུགས་པར་མ་ཟད་ཟླ7ཟླ་མཐོར་ཅ་ཧྲ་ས་ཁུལ་དུ་དམག་འཁྲུག་མཚམས་འཇོག་པ་དང་དབྱི་སི་རལ་གྱིས་བཀག་པའི་མི་སྣ་ཕྱིར་གཏོང་བའི་གྲོས་གཞིར་ཕྱིར་ལན་སྤྲད་པ་རེད། འོན་ཀྱང་དབྱི་སི་རལ་ཕྱོགས་ཀྱིས་དེའི་རྗེས་གྲོས་མོལ་ཡོངས་ཀྱི་བརྒྱུད་རིམ་བཏོན་མྱོང་མེད་པའི་ཆ་རྐྱེན་གསར་པ་བཏོན་པར་མ་ཟད། མུ་མཐུད་དུ་ཅ་ཧྲ་ས་ཁུལ་འཇབ་རྒོལ་བྱས་ཤིང་། ཧཱ་མཱ་སི་ཆབ་སྲིད་ཅུའུ་ཡི་མགོ་ཁྲིད་པ་དབྱི་སི་མཱེ་ཨར་ཧ་ཉིས་ཡཱ་ལྐོག་གསོད་བྱས། གནས་ཚུལ་འདིས་དབྱི་སི་རལ་ཕྱོགས་ཀྱིས་མུ་མཐུད་དུ་དམག་འཁྲུག་རྒྱག་པ་དང་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་ཁས་ལེན་བྱེད་འདོད་མེད་པའི་བསམ་ཚུལ་ཤེས་ཐུབ། ཁཱ་ཐར་དང་ཨེ་ཅིབ། ཨ་མེ་རི་ཁ་བཅས་ཀྱི་མགོ་ཁྲིད་པས་ཚེས་བརྒྱད་ཉིན་དབྱི་སི་རལ་དང་ཧཱ་མཱ་སིས་ཚེས15ཉིན་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་སླར་གསོ་བྱེད་རྒྱུའི་འབོད་སྐུལ་བཏང་ཡང་། ཚེས10ཉིན་དབྱི་སི་རལ་གྱིས་སྔར་བཞིན་ཅ་ཧྲ་ས་ཁུལ་གྱི་སློབ་གྲྭ་ཞིག་ལ་འགས་གཏོར་བཏང་ནས་ཉུང་མཐར་ཡང་མི་བརྒྱ་རྐྱེན་ལམ་དུ་བཏང་བ་རེད།

གསལ་བསྒྲགས་ལས་བཤད་རྒྱུར། ཅ་ཧྲ་ས་ཁུལ་གྱི་མི་དམངས་དང་དེའི་ཁེ་ཕན་ལ་སེམས་ཁུར་དང་དེར་འགན་འཁྲི་ཡོད་པར་བརྟེན། ཧཱ་མཱ་སི་ཡིས་འདུམ་འགྲིག་ཕྱོགས་ཀྱིས་དེའི་སྔོན་ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་གྱིས་བཏོན་པའི་གྲོས་གཞི་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་ཆོད་དོན་གཞིར་བཟུང་སྟེ། ལག་བསྟར་འཆར་གཞི་ཞིག་སྤྲོད་པ་དང་དབྱི་སི་རལ་ལ་དེ་ལག་བསྟར་བྱེད་དུ་འཇོག་དགོས་པ་ལས། ཐེངས་མང་པོའི་གྲོས་མོལ་དང་གྲོས་གཞི་གསར་བ་འདོན་པའི་ཆེད་མིན་ལ། དབྱི་སི་རལ་གྱིས་འཇབ་རྒོལ་བྱེད་པར་འགེབས་སྲུང་འདོན་སྤྲོད་བྱས་ནས། ཅ་ཧྲའི་མི་དམངས་ལ་དམག་འཁྲུག་གི་དུས་ཚོད་ཇེ་མང་དུ་གཏོང་ཆེད་མིན་པའི་ཚུལ་བསྟན་ཡོད།

ཚེས8ཉིན་གྱི་དགོང་མོར་ཨ་མེ་རི་ཁ་དང་ཁཱ་ཐར། ཨེ་ཅིབ་བཅས་ཀྱི་མགོ་ཁྲིད་པས་མཉམ་འབྲེལ་གསལ་བསྒྲགས་ཤིག་གི་ཁྲོད་དུ་ཚེས15ཉིན།  དབྱི་སི་རལ་དང་ཧཱ་མཱ་སི་ཡིས་ཁཱ་ཐར་གྱི་རྒྱལ་ས་ཏོ་ཧཱ་དང་ཡང་ན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་གྲོས་མོལ་སླར་གསོ་བྱས་ནས། འགལ་ཟླ་ཡོད་ཚད་གཅིག་སྡུད་དང་གྲོས་གཞི་ལག་བསྟར་བྱེད་མགོ་རྩོམ་པའི་འབོད་སྐུལ་བཏང་། ཚེས9ཉིན་གྱི་ནམ་གུང་དབྱི་སི་རལ་ཙུང་ལི་གཞུང་སྒྲུབ་ཁང་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།  དབྱི་སི་རལ་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་སྤེལ་བར་འཐད་པ་ཡིན་ཞིང་། ཚེས15ཉིན་གྲོས་མོལ་འཐུས་ཚབ་ཚོགས་པ་མངག་གཏོང་བྱ་རྒྱུའི་འཆར་གཞི་ཡོད་པའི་ཚུལ་བསྟན།

རིག་འཛིན་སྒྲོལ་མས་བསྒྱུར།