སུའུ་ཏན་སྲིད་གཞུང་དང་ཨ་རིས་སུའེ་ཙེར་གྱི་དམག་འཁྲུག་མཚམས་འཇོག་པར་གྲོས་མོལ་བྱས་པར་གྲུབ་འབྲས་ཐོབ་མེད།
2024.08.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཚེས11ཉིན།  སུའུ་ཏན་སྲིད་གཞུང་གིས་སོ་ཏི་ཨ་རབ་ཀྱི་གྲུ་ཁའི་གྲོང་ཁྱེར་ཅི་ཏ་རུ་སུའུ་ཏན་དང་ཨ་རིས་སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཀྱིས་ཟླ་8ཚེས14ཉིན་ནས་བཟུང་། སུའེ་ཙེར་དུ་དམག་འཁྲུག་མཚམས་འཇོག་རྒྱུའི་ཐད་གྲོས་མོལ་བྱས་པར་གྲུབ་འབྲས་ཅི་ཡང་མེད་པར་མཇུག་བསྒྲིལ་ཡོད་ཟེར།

སུའུ་ཏན་གཏེར་ལས་པུའུ་ཀྲང་ཨ་པུའུ·ན་མུའུ་ཡིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པ་ཚེས9ཉིན། ཅི་ཏ་རུ་ཨ་རིའི་འཐུས་ཚབ་ཚོགས་པ་དང་གྲོས་མོལ་བྱེད་དུ་སོང་།  ཚེས་11ཉིན།  ཨ་པུའུ·ན་མུའུ་སུའུ་ཏན་ཤར་རྒྱུད་ཀྱི་གྲོང་ཁྱེར་སུའུ་ཏན་གྲུ་ཁར་ཕྱིར་ལོག་པ་དང་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་ཡིག་ཆ་བཀོད་ནས།  གྲོས་མོལ་མཇུག་བསྒྲིལ་བ་དང་སུའུ་ཏན་སྲིད་གཞུང་གི་འཐུས་ཚབ་ཚོགས་པ་དང་ཡང་ན་སུའུ་ཏན་དྲག་ཆས་དཔུང་སྡེའི་འཐུས་ཚབ་ཚོགས་པས་སུའེ་ཙེར་གྱི་དམག་མཚམས་འཇོག་པའི་ཐད་གྲོས་མོལ་བྱས་པར་སུའུ་ཏན་དང་ཨ་རི་ཕྱོགས་གཉིས་གྲོས་མཐུན་བྱུང་མེད་ཟེར།

ཨ་པུའུ·ན་མུའུ་ཡིས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཐེངས་འདིའི་གྲོས་མོལ་ལ་འབྲས་བུ་མེད་པར་མཇུག་བསྒྲིལ།  སུའུ་ཏན་གྱི་མགོ་ཁྲིད་རིམ་པས་དཔྱད་འཇོག་བྱས་རྗེས་གོང་གསལ་གྱི་གནད་དོན་ཐད་མཇུག་མཐའི་གཏན་འབེབས་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།

ཟླ7ཚེས23ཉིན། ཨ་རིས་སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་པོ་ཟླ་8ཚེས14ཉིན་ནས་བཟུང་།  སུའེ་ཙེར་དུ་དམག་མཚམས་འཇོག་རྒྱུའི་སྐད་གྲོས་མོལ་བྱེད་པར་གདན་འདྲེན་ཞུས་པ་དང་།གྲོས་མོལ་དེ་ཨ་རི་དང་སོ་ཏི་ཨ་རབ་ཀྱིས་མཉམ་དུ་མགོ་འཛིན་བྱེད་རྒྱུ་ཡིན་པ་དང་།  ཨ་ཧྥེ་རི་ཁ་མནའ་འབྲེལ་དང་། ཨེ་ཅིབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། མཉམ་འབྲེལ་རྒྱལ་ཚོགས་བཅས་ལྟ་ཞིབ་པ་བྱེད་རྒྱུ་དུ་འཇུག་རྒྱུ་ཡིན་ཟེར།   ཟླ7ཚེས30ཉིན།  སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ནས། སུའུ་ཏན་སྲིད་གཞུང་གིས་ཨ་རི་སྲིད་གཞུང་དང་ཐུག་འཕྲད་བྱས་ནས་སུའེ་ཙེར་གྱི་དམག་མཚམས་འཇོག་རྒྱུའི་གྲོས་མོལ་བྱེད་པར་གྲ་སྒྲིག་ཡག་པོ་བྱེད་པའི་འབོད་སྐུལ་བཏང་བ་ཡིན་ཟེར།

2023ལོའི་ཟླ4ཚེས15ཉིན།  སུའུ་ཏན་དྲག་ཆས་དཔུང་སྡེའི་བར་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེའི་བར་རྒྱལ་ས་ཁར་ཐུམ་དུ་གདོང་ཐུག་དྲག་པོ་བྱུང་བ་དང་། དེའི་རྗེས་དམག་འཁྲུག་གི་མེ་ལྕེ་དེ་ས་ཁུལ་གཞན་དུ་ཁྱབ་ཡོད་པ་དང་། མུ་མཐུད་དུ་གདོང་ཐུག་བྱུང་བའི་དབང་གིས་སུའུ་ཏན་གྱི་མི་འབུམ་གཅིག་དང་ཁྲི་བརྒྱད་སྟོང་བརྒྱད་ཙམ་རྐྱེན་ལམ་དུ་ཤོར་བ་དང་མི་བྱེ་བ་གཅིག་དང་འབུམ་གཅིག་ཁྲི་བདུན་ལྷག་ཙམ་ཡུལ་འཁྱམ་དུ་གྱུར་ཡོད།   སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱི་འདུམ་སྒྲིག་འོག གདོང་ཐུག་ཕྱོགས་གཉིས་ཀྱིས་ན་ནིང་ཟླ5པ་ནས་བཟུང་ཅི་ཏར་གྲོས་མོལ་བྱས་ནས་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མཐུན་ཐེངས་མང་བཞག་ཀྱང་དོན་འཁྱོལ་དང་ལག་བསྟར་ནུས་ལྡན་བྱེད་ཐུབ་མེད། ན་ནིང་ཟླ12པར་སོ་ཏི་ཨ་རབ་སོགས་འདུམ་སྒྲིག་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱིས་ཅི་ཏར་སྤེལ་བའི་གྲོས་མོལ་དུས་བཀག་མེད་པར་གནས་སྐབས་མཚམས་འཇོག་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།