ཚེས12ཉིན་ཨུ་རི་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཨུ་རི་སིའི་ལྷོ་ཕྱོགས་མཐའ་མཚམས་ཀྱི་གནས་བབ་ཐད་ནས་བསྡུས་པའི་གྲོས་ཚོགས་སྟེང་བཤད་རྒྱུར། ཨུ་རི་སི་ཕྱོགས་ཀྱིས་ཝུའུ་ཁི་ལན་ཕྱོགས་ཀྱིས་མཐའ་མཚམས་ས་ཁུལ་དུ་ཨུ་རུ་སིར་བསྙད་བརྐོ་བའི་བྱ་སྤྱོད་རབ་དང་རིམ་པ་སྤེལ་བར་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།
ཕུའུ་ཅིན་གྱིས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཨུ་རི་སི་ཕྱོགས་ཀྱིས་ཨུ་རི་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ས་ཁུལ་གྱི་གནས་ཚུལ་ལ་དཔྱད་འཇོག་བྱས་ཏེ། ཝུའུ་ཁི་ལན་ཕྱོགས་ཨུ་རི་སིའི་མངའ་ཁོངས་ལས་ཕྱིར་བདའ་རྒྱུ་མ་ཟད་མཐའ་མཚམས་ས་ཁུལ་འགོག་སྲུང་ནུས་ལྡན་བྱེད་རྒྱུ་ནི་སྐབས་བབ་ཀྱི་ལས་འགན་ཐོག་མ་ཡིན་ཟེར།
ཁུའུ་ཨར་སི་ཁི་མངའ་སྡེའི་མགོ་གཙོ་ཚབ་མ་སི་མཱིས་ཨར་ནོ་ཧྥུའུ་ཡིས་གྲོས་ཚོགས་སྟེང་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་མངའ་སྡེ་དེར་འཇབ་རྒོལ་བྱས་ནས་མི་བཅུ་གཉིས་རྐྱེན་ལམ་དུ་བཏང་བ་དང་། མི་བརྒྱ་དང་ཉེར་གཅིག་ལ་རྨས་ཕོག་ཡོད་ཅིང་། རྨས་ཕོག་མཁན་ཁྲོད་བྱིས་པ་བཅུ་ཡོད། ཝུའུ་ཁི་ལན་གྱི་དམག་དཔུང་གིས་མིག་སྔར་མངའ་སྡེ་དེའི་མང་ཚོགས་ཀྱི་སྡོད་ཁུལ་ཉེར་བརྒྱད་ཚོད་འཛིན་བྱས་ཡོད་པ་དང་། གནས་དེར་སྡོད་པའི་མི་ཉིས་སྟོང་ཙམ་གྱི་གནས་ཚུལ་གསལ་བོར་མི་ཤེས་ཟེར།
ཨུ་རི་སིའི་རྒྱལ་སྲུང་པུའུ་ཡིས་ཚེས12ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། འདས་པའི་ཉིན་གཅིག་ནང་། ཨུ་རི་སིའི་དམག་དཔུང་གིས་ཁུའུ་ཨར་སི་ཁི་ཕྱོགས་ནས་ཝུའུ་ཁི་ལན་གྱི་དམག་དཔུང་གི་ཚུར་རྒོལ་ཐེངས་བདུན་པ་ཕམ་པར་བཏང་ཞིང་། དགྲ་ཕྱོགས་ཀྱི་སྐབས་བསྟུན་ཚན་ཆུང་གིས་ཚུར་རྒོལ་བྱས་ནས་ཨུ་རི་སིའི་མངའ་ཁོངས་སུ་བཙན་འཛུལ་བྱེད་པའི་དམིགས་ཡུལ་ཕམ་པར་བཟོས། ཁུའུ་ཨར་སི་ཁི་ནས་ཝུའུ་ཁི་ལན་གྱི་དམག་མི260རྐྱེན་ལམ་དུ་བཏང་བ་དང་ཁྲབ་ལྡན་རླངས་འཁོར31ལ་གཏོར་བརླགས་བཏང་ཡོད་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།