སུའུ་ཏན་གྱི་ས་ཆ་མང་པོར་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཕོག་ནས་མི68རྐྱེན་ལམ་དུ་ཤོར།
2024.08.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཚེས12ཉིན།  སུའུ་ཏན་ནང་སྲིད་པུའུ་ཡིས་ད་ལོའི་ཟླ6པ་ནས་བཟུང་རྒྱལ་ཁབ་དེའི་ས་ཆ་མང་པོར་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཕོག་ནས་མི68རྐྱེན་ལམ་དུ་ཤོར་ཟེར།

སུའུ་ཏན་གྱི་ནང་སྲིད་པུའུ་ཀྲང་ཧ་ལི་ལེ·ཕ་ཞ·སའེ་ལིན་གྱིས་ཉིན་དེར་གསལ་བསྒྲགས་ཤིག་གི་ནང་དུ་བཤད་རྒྱུར། རྐྱེན་ལམ་དུ་ཤོར་བའི་རྒྱུ་རྐྱེན་གཙོ་བོ་ནི་ཁང་པ་བརྡིབས་པ་དང་ཆུར་བྱིང་བས་ཡིན་ཞིང་།  དྲག་ཆར་དང་ཆུ་ལོག་གི་གནོད་འཚེའི་དབང་གིས་སུའུ་ཏན་གྱི་ཁང་པ4000ལྷག་ཙམ་ཡོངས་སུ་བརྡིབས་ཡོད་པ་དང་། ཁང་པ8000ལྷག་ཙམ་གྱི་ཁག་ཅིག་བརྡིབས་ཡོད་པ་རེད། གཞན་ཡང་ད་དུང་ཞིང་ས་འབོར་ཆེན་ལ་གནོད་འཚེ་ཐེབས་པ་དང་ཕྱུགས་ཟོག་ཀྱང་ཤི་ཡོད་ཟེར།

གསལ་བསྒྲགས་ཀྱི་ནང་དུ་སུའུ་ཏན་སྲིད་གཞུང་གིས་རིམ་པ་མཐོ་བའི་འཐུས་ཚབ་ཚོགས་པ་ཞིག་གནོད་འཚེ་ཕོག་པའི་ས་ཁུལ་དུ་མངགས་ནས།  ནོར་སྲིད་པུའུ་དང་འཕྲོད་བསྟེན་པུའུ། ཞིང་ལས་པུའུ། གནམ་གཤིས་ཅུའུ་སོགས་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ། གནོད་འཚེ་ཕོག་པའི་ས་ཁུལ་ལ་དགོས་ངེས་ཀྱི་རོགས་སྐྱོར་བྱེད་རྒྱུ་ཡིན་ཞེས་འཁོད་ཡོད།

སུའུ་ཏན་གྱི་ཆར་ཞོད་ཆེ་བའི་དུས་ཚིགས་ནི་སྤྱིར་བཏང་དུ་ཟླ7པ་ནས་མགོ་བརྩམས་ཏེ་ཟླ9པའམ་ཡང་ན་ཟླ10པའི་བར་རྒྱུན་མཐུད་ཀྱི་ཡོད། དེའི་རིང་ཆར་ཆུ་འབབ་ཚད་མང་དུ་ཕྱིན་པ་དང་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཡང་ཡང་འབྱུང་གི་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།