ཚེས12ཉིན་ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་མི་ཧྥུའུ་ཚུང་གིས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཧྥེ་གླིང་གི་དྲང་བདེན་མིན་པའི་ལོ་རྒྱུས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་གཏམ་བཤད་སྐབས། ཧྥེ་གླིང་གི་དྲང་བདེན་མིན་པའི་ལོ་རྒྱུས་དག་བཅོས་བྱེད་དགོས་ན། སྔོན་ལ་དར་ཆ་གསལ་སྒྲེང་གིས་མི་སེར་རིང་ལུགས་ཀྱི་རྗེས་ཤུལ་དང་རིགས་སོ་སོའི་བཙན་དབང་རིང་ལུགས་ཀྱི་ཐབས་ལམ་ལ་ངོ་རྒོལ་བྱེད་དགོས། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དོན་དངོས་སུ་ཁུར་འོས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། བྱེད་ཕྱོགས་བསྒྱུར་བ་དང་། ཕྱི་འབྲེལ་ཐེ་གཏོགས་དང་གཉའ་གནོན་བཀག་འགོག་སོགས་ནོར་འཁྲུལ་གྱི་བྱེད་ཐབས་སྤྱོད་མཚམས་བཞག་སྟེ། ཧྥེ་གླིང་གི་མ་འོངས་པ་དེ་ཧྥེ་གླིངམི་དམངས་ལ་སྤྲོད་དགོས་ཞེས་ནན་བཤད་བྱས།
ཧྥུའུ་ཚུང་གིས་བཤད་རྒྱུར། ཧྥེ་གླིང་རྒྱལ་ཁབ་དེ་འཛམ་གླིང་ཆབ་སྲིད་ཀྱི་གར་སྟེགས་སྟེང་གསོན་ཤུགས་རབ་ཏུ་རྒྱས་བཞིན་ཡོད་ལ། རྒྱལ་སྤྱིའི་དཔལ་འབྱོར་གྱི་གོ་གནས་མུ་མཐུད་ཇེ་མཐོར་འགྲོ་བཞིན་ཡོད་པས། འཛམ་གླིང་སྟེང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྲོག་ཤིང་ཁོངས་གཏོགས་དང་སྣེ་མང་འཛམ་གླིང་གི་གལ་ཆེ་བའི་སྣེ་མོ་ཞིག་དང་། གོ་ལ་ཧྲིལ་བོའི་བཅོས་སྐྱོང་ཁྲོད་ཀྱི་གནད་འགག་གི་ཟབ་ཞུགས་ཕྱོགས་ཡིན། དུས་མཉམ་དུ། ཧྥེ་གླིང་སྐམ་ས་དེ་མིག་སྔར་ཞི་བདེ་དང་འཕེལ་རྒྱས་ཀྱི་འགྲན་སློང་སྣ་མང་ལ་འཕྲད་ཡོད་ལ། ཧྥེ་གླིང་རྒྱལ་ཁབ་ལ་ད་དུང་རྒྱལ་སྤྱིའི་སྟེང་བརྩི་འཇོག་ཐོབ་མེད་པར་མ་ཟད། ཧྥེ་གླིང་གི་མི་དམངས་ཀྱི་རེ་ལྟོས་ལ་མཐོང་ཆེན་བྱེད་ཀྱིན་མེད་པ་དང་། ཧྥེ་གླིང་གི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ནུས་པ་ད་དུང་མངོན་གསལ་ཅན་དུ་གྱུར་མེད།
ཧྥུའུ་ཚུང་གིས་བསྟན་དོན། ལོ་རྒྱུས་སྟེང་། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཧྥེ་གླིང་ལ་ལོ་ངོ་བརྒྱ་ཕྲག་ལྷག་གི་གདུག་རྩུབ་ཆེ་བའི་མི་སེར་རིང་ལུགས་ཀྱི་ཆབ་སྲིད་སྤེལ་བ་དང་རིགས་རྒྱུད་མཐོང་ཆུང་གི་བྱ་སྤྱོད་སྤེལ་བར་མ་ཟད། སྙིང་རྗེ་མེད་པའི་བྲན་གཡོག་ཉོ་ཚོང་དང་ཐོན་ཁུངས་འཕྲོག་རྩོད་བྱས་ཏེ། ཧྥེ་གླིང་མི་དམངས་ཀྱིས་ལོངས་སྤྱོད་འོས་པའི་ལྷན་སྐྱེས་ཁེ་དབང་དང་ལ་རྒྱ་བཙན་འཕྲོད་བྱས་ཤིང་། མིས་གནོད་པ་བཏང་བར་བརྟེན་ཧྥེ་གླིང་འཕེལ་རྒྱས་ཡར་ཐོན་གྱི་ལོ་རྒྱས་འཕེལ་རིམ་མཚམས་ཆད་དུ་བཞག་ནས། ཧྥེ་གླིང་རྒྱལ་ཁབ་དུས་ཡུན་རིང་པོར་སྡུག་བསྔལ་དང་གནོད་འཚེའི་ཁྲོད་ལུས་སུ་བཅུག་པ་རེད། དེ་ནི་ཧྥེ་གླིང་གི་ལོ་རྒྱས་དྲང་བདེན་མིན་པའི་འབྱུང་རྩ་རུ་གྱུར་ཡོད། ད་ལྟའི་བར་དུ། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁ་ཤས་ཤིག་གིས་སྔར་བཞིན་མི་སེར་རིང་ལུགས་སྤེལ་བའི་བསམ་པ་བཅངས་ཏེ། ཧྥེ་གླིང་གི་གནད་དོན་སྟེང་ང་རྒྱལ་གྱི་མགོ་བོ་ཡར་ལ་དགྱེས་ཤིང་། དངུལ་རྩ་དང་བཅའ་ཁྲིམས། བཀག་སྡོམ་གྱི་བྱེད་ཐབས་སྤྱད་ཅིང་། ཐ་ན་དམག་དོན་སོགས་ཀྱི་ཐབས་ལམ་བརྒྱུད་ཧྥེ་གླིང་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱས་པར་མ་ཟད། དངུལ་ལོར་དང་ནུས་ཁུངས། གཏེར་ཁུངས། རྒྱལ་སྲུང་སོགས་ཁྱབ་ཁོངས་ནས་བྱེད་ཐབས་གང་འདོད་སྤྱད་དེ་ཧྥེ་གླིང་རྒྱལ་ཁབ་བཙན་གནོན་དང་ཚོད་འཛིན་བྱེད་བཞིན་ཡོད།
ཧྥུའུ་ཚུང་གིས་བཤད་རྒྱུར། ཧྥེ་གླིང་ལ་ཐེབས་པའི་དྲང་བདེན་མིན་པའི་ལྟ་སྟངས་ནི་མ་ལག་རང་བཞིན་དང་སྒྲིག་གཞི་ལྡན་པ་ཞིག་སྟེ། ཆབ་སྲིད་དང་དཔལ་འབྱོར། ཚན་རྩལ་སོགས་ཁྱབ་ཁོངས་སོ་སོར་འབྲེལ་བ་ཡོད་ཅིང་། དབང་ཆ་དང་གོ་སྐབས། སྒྲིག་སྲོལ་སོགས་ཕྱོགས་སོ་སོ་ནས་མངོན་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་བལྟས་ན། ཐོག་མའི་ལས་འགན་ནི་ཧྥེ་གླིང་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱས་ཏེ། རྒྱུན་སྲིང་གི་ཞི་བདེའི་གཞི་རྩ་ཇེ་བརྟན་དུ་གཏོང་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དེ་ཧྥེ་གླིང་མནའ་འབྲེལ་གྱི2063ལོའི་གྲོས་རིམ་དང་སྦྲེལ་ནས་སྐུལ་འདེད་མཉམ་གཏོང་དང་མཉམ་དུ་དངོས་འབེབས་བྱེད་དགོས་ཤིང་། ཧྥེ་གླིང་གིས་མགྱོགས་མྱུར་ངང་བཟོ་ལས་ཅན་དང་དེང་རབས་ཅན་མངོན་འགྱུར་བྱེད་པ་དང་། སྔར་ལས་ལྷག་པར་རྒྱལ་སྤྱིའི་ཐོན་ལས་ཁག་བགོས་བྱ་བའི་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱས་ནས། དཔལ་འབྱོར་གོ་ལ་ཧྲིལ་བོ་ཅན་གྱི་ཁེ་བཟང་མཉམ་སྤྱོད་བྱས་ནས། དབུལ་ཕུངས་དང་གཏན་འཇགས་མིན་པའི་འཚོ་བ་ལས་ཐར་ཐབས་བྱེད་དགོས།
ཧྥུའུ་ཚུང་གིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཧྥེ་གླིང་དང་མཉམ་དུ། མཛའ་བརྩེ་རྒྱུན་འཛིན་དང་མཉམ་ལས་རྒྱུན་སྲིང་བྱས་ནས། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཧྥེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་བསྐྲུན་བྱ་རྒྱུར་འཐད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་གྲོགས་པོ་དང་ལག་རྡང་མཉམ་སྦྲེལ་གྱིས་མཉམ་ལས་བྱས་ཏེ། བདེན་པ་མཐའ་འཁྱོལ་གྱིས་ཧྥེ་གླིང་འཕེལ་རྒྱས་དར་སྤེལ་གཏོང་བར་རོགས་རམ་བྱེད་པ་དང་། དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་ཧྥེ་གླིང་གི་དྲང་བདེན་མིན་པའི་ལོ་རྒྱུས་ཀྱི་འགལ་ཟླ་སེལ་བ། སྔར་ལས་དྲང་བཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་ཆབ་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་གསར་པ་འཛུགས་པར་སྐུལ་འདེད་གཏོང་བ། ཧྥེ་གླིང་གི་ཕྱོགས་མང་བཅོས་སྐྱོང་མ་ལག་ཁྲོད་ཀྱི་འཐུས་ཚབ་རང་བཞིན་དང་མགྲིན་ཚབ་དབང་ཆ། ཇུས་ཆོད་དབང་ཆ་བཅས་དོན་ངོ་མར་མཐོར་འདེགས་གཏོང་བ་བཅས་ལ་འཐད་པ་ཡིན་ཞེས་བཤད།
རིག་འཛིན་སྒྲོལ་མས་བསྒྱུར།