ཕུའུ་ཅིང་གིས་བཀའ་ཁྲིམས་སྟེང་མིང་བཀོད་ནས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་མཚོ་དོན་ཨུ་ཡོན་ལྷན་ཁང་འཛུགས་པར་ཆོག་མཆན་སྤྲད།
2024.08.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཚེས13ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་གིས་ཙུང་ཐུང་གི་བཀའ་རྒྱར་མིང་བཀོད་ནས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་མཚོ་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་ཆོག་མཆན་སྤྲད།

ཙུང་ཐུང་གི་བཀའ་རྒྱ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་གི་ལས་རོགས་ཕ་ཐི་ལུའུ་ཧྲིག་ཧྥུའུ་ཨུ་ཡོན་ལྷན་ཁང་དེའི་འགན་འཁུར་བར་བསྐོ་གཞག་བྱས་པ་རེད། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་མཚོ་དོན་ཨུ་ཡོན་ལྷན་ཁང་གིས་ཨུ་རུ་སིའི་མཚོ་དམག་གི་འཐབ་ཇུས་འཕེལ་རྒྱས་དང་། ཨུ་རུ་སིའི་བྱང་སྣེའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་པ། ཨུ་རུ་སིའི་མཚོ་ཐོག་བྱ་འགུལ་འཕེལ་རྒྱས་སུ་གཏོང་བ་དང་རྒྱབ་སྐྱོར་བྱེད་པའི་འགན་འཁུར་རྒྱུ་རེད།

ཕ་ཐི་ལུའུ་ཧྲིག་ཧྥུའུ་ཡིས་ཟླ7པའི་ཚེས29ཉིན་ཚོགས་འདུ་ཞིག་གི་སྟེང་དུ་བཟད་རྒྱུར། རྒྱལ་ཁབ་ཀྱི་རྒྱ་མཚོའི་སྲིད་ཇུས་དོན་འཁྱོལ་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་བྱེད་ཆེད། ཕུའུ་ཅིང་གིས་མཚོ་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་གཏན་འབེབས་བྱས་པ་དང་།  ཨུ་ཡོན་ལྷན་ཁང་དེ་འཛུགས་རྒྱུའི་འབྲེལ་ཡོད་གཏན་འབེབས་དེ་འབྲེལ་ཡོད་སྡེ་ཚན་གྱིས་འཆར་ཟིན་བཀོད་ཚར་རྗེས་ཙུང་ཐུང་ལ་ཆོག་མཆན་སྤྲོད་རྒྱུར་འབུལ་རྒྱུ་རེད་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།