ཚེས13ཉིན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅིས་ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཨུ་རུ་སིའི་ཁུའུ་ཨར་སི་ཁི་མངའ་སྡེ་རུ་མུ་མཐུད་དུ་ཕར་རྒོལ་བྱེད་བཞིན་ཡོད་ཟེར།
ཙེ་ལན་སི་ཅིས་ཉིན་དེར་ཝུའུ་ཁི་ལན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་དཔོན་སིར་སི་ཅི་ལ་བརྙན་ལམ་ནས་ཁ་པར་བཏང་། དེའི་རྗེས་ཙེ་ལན་སི་ཅིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། དམག་འཐབ་དཀའ་ཚེགས་ཆེ་ལ་ཛ་དྲག་ཆེ་ཡང་ཝུའུ་ཁི་ལན་དམག་དཔུང་གིས་ཁུའུ་ཨར་སི་ཁི་ས་ཁུལ་དུ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ཝུའུ་ཁི་ལན་ཕྱོགས་ཀྱི“གྲོས་མོལ་གྱི་མ་རྩ”ཇེ་མང་དུ་འགྲོ་བཞིན་ཡོད་ཟེར།
ཙེ་ལན་སི་ཅིས་བཤད་རྒྱུར། ཝུའུ་ཁི་ལན་གྱིས་ཁུའུ་ཨར་སི་ཁི་ས་ཁུལ་གྱི་ཡུལ་མིའི་སྡོད་གནས74ཚོད་འཛིན་བྱས་ཡོད་པ་དང་། ཡུལ་མིའི་སྡོད་གནས་དེ་དག་ལ་ཞིབ་བཤེར་དང་བརྟན་འཇགས་ཀྱི་བྱེད་ཐབས་སྤེལ་ཡོད་ཟེར། ཝུའུ་ཁི་ལན་གྱི་ཚོད་འཛིན་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་ཐག་གཅོད་ཇུས་གཞི་བཟོ་བའི་བྱ་བ་སྔར་བཞིན་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། ཝུའུ་ཁི་ལན་གྱི་གོ་རིམ་རྗེས་མའི་བྱ་སྤྱོད་ཀྱི་གྲ་སྒྲིག་བྱ་བ་ཡང་སྤེལ་བཞིན་ཡོད་ཟེར།
སེའར་སི་ཅིས་ཙེ་ལན་སི་ཅི་ལ་ཝུའུ་ཁི་ལན་གྱི་དམག་དཔུང་གིས་འདས་ཟིན་པའི་དུས་ཚོད24ཡི་ནང་དུ། ཁུའུ་ཨར་སི་ཁི་ས་ཁུལ་གྱི་སྤྱི་ལེ་གྲུ་མ40ཡི་མངའ་ཁོངས་ཚོད་འཛིན་བྱས་ཡོད་ཅེས་བརྡ་ཁྱབ་བཏང་། ཚེས12ཉིན་བར་ཝུའུ་ཁི་ལན་དམག་དཔུང་གིས་ཨུ་རུ་སིའི་མངའ་ཁོངས་ཀྱི་སྤྱི་ལེ་གྲུ་བཞི་མ1000ཙམ་ཚོད་འཛིན་བྱས་ཡོད་པ་རེད།
ཚེས6ཉིན་ཝུའུ་ཁི་ལན་དམག་དཔུང་གིས་ཨུ་རུ་སིའི་ཁུའུ་ཨར་སི་ཁི་མངའ་སྡེ་ལ་གློ་བུར་དུ་འཇབ་རྒོལ་བྱས་ནས་མངའ་སྡེ་དེ་རུ་ཕྱོགས་གཉིས་ཀྱི་བར་གདོང་ཐུག་དྲག་པོ་བྱུང་། ཚེས12ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་གིས་ཨུ་རུ་སིའི་ལྷོ་རྒྱུད་མཐའ་མཚམས་ཀྱི་དུས་བབ་ཚོགས་འདུའི་སྐབས་སུ། ཝུའུ་ཁི་ལན་གྱིས་མཐའ་མཚམས་ས་ཁུལ་དུ་འཁྲུག་རྐྱེན་རབ་དང་རིམ་པ་སློང་བར་ཨུ་རུ་སི་ཕྱོགས་ཀྱིས་རྒོལ་ལན་སྤྲོད་རྒྱུ་ཡིན་ཞེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།