ཚེས13ཉིན། ཨུ་རུ་སིའི་པེ་ཨར་ཀོ་ལུའོ་ཏི་མངའ་སྡེའི་མགོ་བ་ཀི་ལ་ཏི་ཁི་ཧྥུའུ་ཡིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཝུའུ་ཁི་ལན་དམག་དཔུང་གིས་འགུལ་སྐྱོད་སྤེལ་བའི་དབང་གིས་ཚེས12ཉིན་མངའ་སྡེ་དེའི་སྡོད་དམངས་འབུམ་གཅིག་དང་ཁྲི་གཅིག་ཙམ་ཁུལ་གཞན་དུ་ཁ་འགྲེམས་བྱས་ཡོད་ཟེར།
ཀི་ལ་ཏི་ཁི་ཧྥུའུ་ཡིས་བཤད་རྒྱུར། མིག་སྔར་སྲིད་གཞུང་གིས་བཙུགས་པའི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་གྱིས་ཁ་འགྲེམས་མི་སྣ་ཁག་ཅིག་བསྡུ་ལེན་བྱས་པ་དང་། ཁོ་ཚོར་བཟའ་བཏུང་དང་འཚོ་བའི་མཁོ་ཆས་འདོན་སྤྲོད་བྱས་ཡོད་ཟེར།
གཞན་ཡང་ཚེས12ཉིན། ཝུའུ་ཁི་ལན་རྒྱལ་སྤྱིའི་རིག་གནས་བརྒྱུད་སྤེལ་གློག་འཕྲིན་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅིས་ཉིན་དེའི་དགོང་མོར་བརྙན་ལམ་ནས་གཏམ་བཤད་སྤེལ་ཏེ། ཝུའུ་ཁི་ལན་དམག་དཔུང་གིས་ཁུའུ་ཨར་སི་ཁི་མངའ་སྡེ་རུ་དམག་འཐབ་བྱ་སྤྱོད་སྤེལ་བ་དེ་ནི། ཝུའུ་ཁི་ལན་མཐའ་མཚམས་བདེ་འཇགས་ལ་བསམ་གཞིག་བཏང་བ་ཞིག་རེད་ཟེར། ཝུའུ་ཁི་ལན་གྱི་དམག་སྤྱི་སིར་སི་ཅིས་སྙན་ཞུ་ལས་བཤད་རྒྱུར། མིག་སྔར་ཝུའུ་ཁི་ལན་དམག་གིས་ཁུའུ་ཨར་སི་ཁི་མངའ་སྡེ་ཡི་ས་ཆ་སྤྱི་ལེ་གྲུ་མ1000ཙམ་ཚོད་འཛིན་བྱས་ཡོད་ཟེར། ཙེ་ལན་སི་ཅིས་ད་ལོའི་ཟླ6པ་ནས་བཟུང་། ཨུ་རུ་སིའི་དམག་གིས་ཝུའུ་ཁི་ལན་བྱང་ཤར་རྒྱུད་ཀྱི་སུའུ་མའེ་མངའ་སྡེ་ལ་འཇབ་རྒོལ་ཐེངས2100ཙམ་བྱས་པ་དང་། ཝུའུ་ཁི་ལན་དམག་གིས་ཚོད་འཛིན་བྱས་པའི་ཁུར་སི་ཁེ་མངའ་སྡེ་ཡི་ས་ཁུལ་ཁག་ཅིག་ནི་ཨུ་རུ་སིའི་དམག་གིས་སུའུ་མའེ་མངའ་སྡེ་ལ་ཕར་རྒོལ་བྱེད་པའི་ས་ཁོངས་གཙོ་བོ་རེད་ཟེར།
ཚེས12ཉིན། ཙེ་ལན་སི་ཅིས་ད་དུང་སྤྱི་ཚོགས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས། ཉིན་དེར་ཁོས་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཕུའུ་རུ་ཨ་རིའི་གྲོས་ཁང་གོང་མའི་འཐུས་ཚབ་ཚོགས་པ་དང་ཐུག་འཕྲད་བྱས་ནས། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་ཕྱོགས་ཀྱིས་ནུབ་ཕྱོགས་ཀྱི་རྒྱང་ཁྲིད་མཚོན་ཆ་སྤྱད་པའི་འབྲེལ་ཡོད་གནད་དོན་གཙོར་བཟུང་ནས་གྲོས་བསྡུར་བྱས་པ་ཡིན་ཟེར།
ད་ལོའི་ཟླ5པའི་ཚུན་དུ། ཝུའུ་ཁི་ལན་ཕྱོགས་ཀྱི་མཐོ་རིམ་མི་སྣས་ཐེངས་མང་པོར་ནུབ་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་རྒྱང་ཁྲིད་མཚོན་ཆ་སྤྱོད་པའི་ཚོད་འཛིན་མེད་པར་བཟོ་རྒྱུའི་འབོད་སྐུལ་བཏང་།
གཡང་འབུམ་རྒྱལ་གྱིས་བསྒྱུར།