ཆིན་ཧྭ་སློབ་ཆེན་གྱི་སློབ་མས་ཀྲུང་གོ་དང་ཐུར་ཁེའི་ནུས་རྒྱུ་དང་རིག་གནས་བརྗེ་རེས་ཀྱི་གོ་སྐབས་གསར་པར་གྲོས་བསྡུར་བྱས།
2024.08.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཉེ་ལམ། ཆིན་ཧྭ་སློབ་ཆེན་ནུས་རྒྱུ་དང་སྒུལ་ཤུགས་བཟོ་སྐྲུན་སྡེ་ཁག“ཁུངས་སྒུལ་དར་གོས་ཚོང་ལམ”ལག་ལེན་རུ་ཁག་གིས་ཐུར་ཁེའི་རྒྱལ་ས་ཨན་ཁ་ལ་དང་གྲོང་ཁྱེར་ཆེན་པོ་དབྱི་སི་ཐན་པུར་དུ་དུས་ཡུན་ཉིན་གསུམ་གྱི་ནུས་རྒྱུ་འཛུགས་སྐྲུན་བརྗེ་རེས་བྱེད་སྒོ་སྤེལ། དེའི་རིང་སློབ་མའི་འཐུས་མིས་རིག་གཞུང་བཞུགས་མོལ་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་ནས་ས་གནས་དེའི་ནུས་རྒྱུའི་ཁེ་ལས་དང་མཐོ་རིམ་སློབ་གྲྭའི་སྒྲིག་གཞིའི་ཐད་ནས་གྲོས་མོལ་བྱས།

ཀྲུང་གོ་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་ནུས་རྒྱུའི་མཉམ་ལས་ནི་ཐེངས་འདིའི་ལག་ལེན་བྱ་འགུལ་གྱི་བརྗོད་དོན་གཙོ་བོ་ཞིག་རེད། སློབ་མའི་འཐུས་མི་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཐུར་ཁེའི་བཟོ་སྐྲུན་ལག་རྩལ་མི་སྣས་ཆིང་ནུས་དང་ཉིང་རྡུལ་ནུས་པ་སོགས་ནུས་རྒྱུ་དངོས་སུ་བེད་སྤྱོད་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་ཐུར་ཁེའི་ནུས་རྒྱུའི་ཁྲོམ་རར་ཞུགས་པ་དེས་ཁོ་ཚོའི་ལས་རིགས་འཕེལ་རྒྱས་ལ་གོ་སྐབས་གསར་པ་འདོན་སྤྲོད་བྱས་ཡོད་ཟེར།  སློབ་མ་དེས་ད་དུང་དཔེ་དེབ་སྟེང་གི་ཤེས་བྱ་དང་བཟོ་སྐྲུན་ཉེར་སྤྱོད་ཐད་ཀྱི་བར་ཐག་ཅུང་རིང་པོ་ཡོད། ཐེངས་འདིའི་བྱ་འགུལ་གྱིས་ང་ཚོས་སྲིད་ཇུས་དང་ཐོན་ལས་ཀྱི་ཟུར་ཚད་ནས་ནུས་རྒྱུ་གཞན་སྒྱུར་ལ་གོ་བ་ལེན་པར་དཔེ་གཞི་གསོན་པོ་ཞིག་འདོན་སྤྲོད་བྱས་ཡོད་ཟེར།

བྱ་འགུལ་སྤེལ་བའི་རིང་ལ་ཡན་ལག་རུ་ཁག་གིས་ད་དུང་དབྱི་སི་ཐན་པོར་གྱི་སྐད་གྲགས་ཆེ་བའི་ཐ་ཁི་ཞིས་མུའུ་ཐང་ཆེན་དུ་ཁྲོམ་སྲང་བཅར་འདྲིའི་བྱ་འགུལ་སྤེལ་ནས། ཐག་ཉེ་ས་ནས་ཐུར་ཁེའི་ཡུལ་སྲོལ་གོམས་གཤིས་ལ་ལྟ་ཞིབ་བྱས་པ་རེད། ས་གནས་དེའི་མི་ཡིས་“ཁྱོད་བདེ་མོ་ཡིན་ནམ”ཞེས་པ་དང་ཡོ་རོབ་དང་ཨེ་ཤ་ཡ་འཕྲེད་བརྒལ་གྱི་དམིགས་བསལ་ཡུལ་ལྗོངས་ཀྱིས་ཚང་མར་བག་ཆགས་ཟབ་མོ་བཞག  སློབ་མ་ཞིག་གིས་བཤད་རྒྱུར། ཐུར་ཁེ་ཡི་རིག་གནས་ཀྱི་རྨང་གཞི་ཕུན་སུམ་ཚོགས་པ་དང་ཀྲུང་གོ་དང་རིག་གནས་ཀྱི་འབྲེལ་བ་ཟབ་མོ་ཡོད། ཉིན་རེ་བཞིན་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་སྐྱེན་པའི་ད་ལྟའི་དུས་རབས་འདིར། ང་ཚོས་སྔར་ལས་ཀྱང་རང་ཉིད་ཀྱི་མིག་རྒྱང་ཇེ་རིང་དུ་བཏང་སྟེ།  རིག་གནས་བརྗེ་རེས་ཀྱི་མཐོང་རྒྱ་ཆེ་རུ་བསྐྱེད་དེ་རིག་གནས་དང་དཔལ་ཡོན་མི་འདྲ་བའི་བའི་སྐོར་ནས་ཕན་ཚུན་རྒྱུས་ལོན་དང་མཛའ་བརྩེ་བརྗེ་རེས་ལ་སྐུལ་འདེད་གཏོང་དགོས་ཟེར།

ངོ་སྤྲོད་བྱས་པ་ལྟར་ན།  མིག་སྔར་ཐུར་ཁེའི་ནུས་རྒྱུའི་འཛད་སྤྱོད་འབོར་ཆེན་ནང་འདྲེན་ལ་བརྟེན་ཡོད་པར་མ་ཟད། འགྱུར་རྡོའི་ནུས་རྒྱུ་གཙོ་བོ་རེད། གོ་ལ་ཧྲིལ་པོའི་ནུས་རྒྱུ་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་གྱི་རྒྱབ་ལྗོངས་ཆེན་པོའི་འོག   ནུས་རྒྱུ་ཚུལ་སྒྱུར་མཉམ་ལས་ནི་ཐུར་ཁེའི་ཕྱི་ཕྱོགས་མཉམ་ལས་ཀྱི་གཙོ་གནད་ཅིག་རེད། མིག་སྔར་ཧུའུ་ནུའུ་ཐེ་ལུའུ་གློག་གཏོང་ས་ཚིགས་དང་འོད་ཤུགས་ཐོན་ལས་གླིང་སོགས་ལས་གཞི་ཁག་ཅིག་ཐུར་ཁེ་རུ་ཐོན་སྐྱེད་བྱེད་མགོ་བརྩམས་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།