ཨ་མེ་རི་ཁས་དབྱི་ལིང་གིས“གཟའ་འཁོར་འདིའི་ནང”དབྱི་སི་རལ་ལ་འཇབ་རྒོལ་བྱེད་སྲིད་པར་འདོད།
2024.08.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཚེས12ཉིན།  ཨ་མེ་རི་ཁའི་མཐོ་རིམ་དཔོན་རིགས་ཀྱིས་བཤད་པ་ལྟར་ན། དབྱི་ལིང་གིས“གཟའ་འཁོར་འདིའི་ནང”དབྱི་སི་རལ་ལ་འཇབ་རྒོལ་ཆེན་པོ་བྱེད་སྲིད་པར་འདོད།     དབྱི་ལིང་སྲིད་གཞུང་གིས་དབྱི་ལིང་ལ“བཙན་གནོན་བྱེད་མཁན”ལ་ཡ་ལན་སྤྲོད་དབང་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འཐབ་ཇུས་འབྲེལ་གཏུག་མཐུན་སྦྱོར་པ་ཡོ་ཧན·ཁི་པིས་ཀྱིས་བསྟན་དོན། དབྱི་སི་རལ་ཕྱོགས་ཀྱིས“དབྱི་ལིང་དང་དེའི་ལས་ཚབ་པས་རྗེས་ཕྱོགས་ཀྱི་ཉིན་འགའི་ནང་འཇབ་རྒོལ་བྱེད་ཉེན་ཇེ་ཆེར་འགྲོ་སྲིད།”  ཨ་མེ་རི་ཁ་ཕྱོགས་ཀྱིས་དེ་མཐུན་གྱི་སེམས་ཁྲལ་བྱེད་ཀྱིན་ཡོད་པ་དང་། དབྱི་སི་རལ་དང་དེ་མིན་ས་ཁུལ་གྱི་གྲོགས་པོ་གཞན་དག་དང་མཐུན་སྦྱོར་བྱེད་བཞིན་ཡོད་མོད།    འོན་ཀྱང་མིག་སྔར་འཇབ་རྒོལ་གྱི་ཞིབ་ཕྲའི་གནས་ཚུལ་གཏན་འཁེལ་བྱེད་ཐབས་བྲལ་ཟེར།

ཚེས12ཉིན།  དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།    དབྱི་ལིང་གི་ཙུང་ཐུང་མཱ་སུའུ་ཏི·ཕེ་ཙེ་ཞིས་ཆི་ཡང་གིས་ཉིན་དེར་འཇར་མན་གྱི་ཙུང་ལི་ཧྲོ་ཨར་ཚི་དང་ཁ་པར་རྒྱག་སྐབས། དབྱི་ལིང་གིས་རང་ཉིད་ལ་རྒྱལ་སྤྱིའི་སྒྲིག་སྲོལ་གཞིར་བཟུང་ནས“བཙན་གནོད་བྱེད་མཁན”ལ་ཡ་ལན་སྤྲོད་དབང་ཡོད་པར་འདོད་ཟེར།     ཕེ་ཙེ་ཞིས་ཆི་ཡང་གིས་བསྟན་དོན། དབྱི་སི་རལ་སྲིད་གཞུང་གིས་ཅ་ཧྲ་ས་ཁུལ་དུ་མུ་མཐུད་དུ “རིགས་རྒྱུད་རྩ་མེད་དུ་གཏོང་བའི”བྱ་སྤྱོད་སྤེལ་བཞིན་ཡོད་པར་མ་ཟད། རྒྱལ་ཁབ་གཞན་དུ“འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད”སྤེལ་བ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ལས་འགལ་ནས་ཨེ་ཤ་ཡ་ནུབ་མའི་ས་ཁུལ་གྱི་བདེ་འཇགས་དང་འཛམ་གླིང་ཧྲིལ་པོའི་ཞི་བདེར་འགྲན་སློང་ཚབས་ཆེན་བཟོས་ཡོད།     ཧྲོ་ཨར་ཚི་ཡིས་བསྟན་དོན། ཨེ་ཤ་ཡ་ནུབ་མའི་ས་ཁུལ་དུ་ཞི་བདེ་དང་བདེ་འཇགས་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་འཇར་མན་གྱིས་ས་ཁུལ་དེར་འཛིན་པའི་སྲིད་ཇུས་ཀྱི་སྔོན་ལ་སྒྲུབ་པའི་བྱ་བ་ཞིག་ཡིན་པས་ཅ་ཧྲའི་གདོང་ཐུག་མྱུར་དུ་མཇུག་བསྒྲིལ་དགོས་ཟེར།

ཚེས12ཉིན།  ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་ཨའེ་ལི་ཧྲེ་ཕོ་བྲང་གིས《ཧྥ་རན་སི་དང་ཨ་མེ་རི་ཁ།    དབྱིན་ཇི།    འཇར་མན།    དབྱི་སི་རལ་བཅས་ཀྱི་འགོ་ཁྲིད་པའི་དབུས་ཤར་ས་ཁུལ་གྱི་གནད་དོན་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ། གསལ་བསྒྲགས་ནང་བསྟན་དོན། རྒྱལ་ཁབ་ལྔའི་འགོ་ཁྲིད་པས་དབུས་ཤར་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས་ནས་ཛ་དྲག་གི་གནས་བབ་ཞི་ལྷོད་དུ་གཏོང་བ་དང་།    དམག་མཚམས་འཇོག་པ།    བཀག་ཉར་མི་སྣ་བཙོན་བཀྲོལ་གཏོང་བ་བཅས་བྱ་ཆེད་འབད་བརྩོན་བྱས་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན།     གཞན་ཡང་གསལ་བསྒྲགས་ནང་དབྱི་སི་རལ་ལ་རྒྱབ་སྐྱོར་བྱ་རྒྱུ་མཚོན་པ་དང་། དབྱི་ལིང་གིས་དབྱི་སི་རལ་ལ་དམག་དོན་ཕར་རྒོལ་བྱེད་པའི་རྒྱུན་མཐུད་འཇིགས་སྐུལ་དོར་རྒྱུའི་འབོད་སྐུལ་བཏང་།     རྒྱལ་ཁབ་ལྔའི་འགོ་ཁྲིད་པས་གལ་ཏེ་ཕར་རྒོལ་དེ་རིགས་བྱུང་ཚེ་ས་ཁུལ་གྱི་བདེ་འཇགས་ལ་མཇུག་འབྲས་ཚབས་ཆེན་བཟོ་སྲིད་པའི་སྐོར་གྲོས་བསྡུར་བྱས།

ཚེས11ཉིན།  ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ལའེ་ཏིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། རྒྱལ་སྲུང་པུའུ་ཀྲང་ཨའོ་སི་ཏིན་གྱིས་ཉིན་དེར་དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཅ་ལན་ཐི་ལ་ཁ་པར་བཏང་། ཨའོ་སི་ཏིན་གྱིས“ཙོ་ཀྲི་ཡ”རྟགས་ཅན་གྱི་སྐོར་ཞིབ་འཕུར་མདེལ་ཉིང་རྡུལ་ཆུར་འཛུལ་དམག་གྲུ་དབུས་ཤར་ས་ཁུལ་དུ་བཀོད་སྒྲིག་བྱེད་དགོས་པའི་བཀའ་བཏང་བར་མ་ཟད། ཨ་མེ་རི་ཁའི་མཚོ་དམག“ཡ་པོ་ལ་ཧན·ལིན་ཁིན”རྟགས་ཅན་གྱི་གནམ་ཐང་གྲུ་གཟིངས་རྡུང་རྡེག་གཏོང་ཚོགས་ས་ཁུལ་དེར་མྱུར་དུ་བསྐྱོད་དགོས་པའི་བཀའ་ཡང་བསྒྲགས།     ཨའོ་སི་ཏིན་གྱིས་ཅ་ལན་ཐིར་ཨ་མེ་རི་ཁ་ཕྱོགས་ཀྱིས“བྱ་ཐབས་མཐའ་དག་སྤྱད་དེ་དབྱི་སི་རལ་སྲུང་སྐྱོབ་བྱ་རྒྱུ་ཡིན་པའི”ཁས་ལེན་བསྐྱར་བསྒྲགས་བྱས་པ་མ་ཟད། ཨ་མེ་རི་ཁའི་དམག་དཔུང་གིས་དབུས་ཤར་ས་ཁུལ་དུ་དམག་ཤུགས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་ནི“ས་ཁུལ་དེའི་ཛ་དྲག་གི་གནས་བབ་ཆེ་རུ་ཕྱིན་པའི་དབང་གིས་རེད”ཟེར།

ཟླ7པའི་ཚེས31ཉིན། ཕ་ལི་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཆབ་སྲིད་ཅུའུ་ཡི་འགོ་ཁྲིད་པ་དབྱི་སི་མེ་ཨར·ཧ་ཉི་ཡ་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་དུ་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར། ཧ་མ་སི་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་ལྐོག་གསོད་བྱེད་པ་ནི་དབྱི་སི་རལ་གྱིས་བྱ་སྤྱོད་ཡིན་པར་འདོད།    ཡིན་ཡང་དབྱི་སི་རལ་ཕྱོགས་ཀྱིས་དེར་ཁས་ལེན་མ་བྱས།     ཧ་ཉི་ཡ་ལྐོག་གསོད་མ་བྱས་སྔོན་གྱི་ཉིན་ཞིག་ལ།    ལེ་པ་ནུན་ཀྲིན་ཀྲུའུ་ཏང་གི་མཐོ་རིམ་དམག་དོན་བཀོད་འདོམས་དཔོན་པོ་ཞིག་དབྱི་སི་རལ་དམག་དཔུང་གི་མཁའ་རྒོལ་འགས་གཏོར་ཁྲོད་རྐྱེན་ལམ་དུ་ཤོར།   དབྱི་ལིང་དང་ཧ་མ་སི།    ལེ་པ་ནུན་ཀྲིན་ཀྲུའུ་ཏང་སོགས་ཀྱིས་དབྱི་སི་རལ་གྱི་བཙན་གནོན་ལ་འཁོན་ལན་དྲག་པོ་སློག་རྒྱུའི་དམ་བཅས།

ཤ་བོ་རིན་མཚོས་བསྒྱུར།