ས་གནས་དེའི་དུས་ཚོད་ཟླ8པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ནེ་པིས་ཏུའུ་རུ་འབར་མའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཏན་སུའེ་དང་གྲོས་མོལ་བྱས།
ཝང་དབྱི་ཡིས་བཤད་རྒྱུར། ལོ70ལྷག་ཙམ་རིང་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོ་དང་འབར་མས་ཐོག་མཐའ་བར་གསུམ་དུ་མཉམ་དུ་དར་སྤེལ་གཏོང་བའི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་དགོངས་དོན་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཆེ་ཆུང་གིས་འདྲ་མཉམ་ངང་ཕན་ཚུན་ལྟ་སྟངས་འཛིན་པ་དང་ཕན་ཚུན་རོགས་རམ་བྱེད་པའི་དཔེ་མཚོན་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་དང་མཉམ་དུ་སྤུན་ཟླའི་མཛའ་བརྩེ་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རོགས་རམ་བྱས་ཏེ་ཀྲུང་གོ་དང་འབར་མའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཝང་དབྱི་ཡིས་བསྟན་དོན། དེང་སྐབས་འཛམ་གླིང་ལ་འགྱུར་ལྡོག་དང་ཟང་ཟིང་འདྲེས་ཡོད། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་ཞི་བདེའི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་བརྟན་ལྷིང་གི་རྒྱུ་རྐྱེན་ཆེ་རུ་གཏོང་བ་ཡིན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཡར་སྔོན་རྒྱལ་ཁའི་ངང་འཚོགས་ནས་ཀྲུང་གོས་སྒྱུར་བཅོས་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་བཅས་ཁ་གསལ་བཏོན་པས། ཀྲུང་གོ་དང་འབར་མའི་མཉམ་ལས་ལ་གོ་སྐབས་གསར་པ་དང་སྒུལ་ཤུགས་གསར་པ་མཁོ་འདོན་ཐུབ་རྒྱུ་རེད། ང་ཚོས་འབར་མ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཀྲུང་གོ་དང་འབར་མའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བརྟན་པོའི་ངང་མདུན་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་བཏང་ནས་སྣུམ་རླངས་སྦུག་ལམ་བདེ་འཇགས་དང་བདེ་བླག་ངང་གཉེར་སྐྱོང་བྱེད་པར་འགན་ལེན་བྱ་དགོས། བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་མཚམས་བརྒལ་བའི་ཉེས་གསོག་བྱ་སྤྱོད་ལ་མཉམ་དུ་རྡུང་རྡེག་གཏོང་དགོས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་མགྱོགས་སུ་བཏང་ནས་འབར་མའི་དམངས་འཚོ་ཇེ་ལེགས་སུ་གཏོང་རྒྱུར་རོགས་རམ་བྱ་དགོས། སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བྱེད་པ་དང་། རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། མི་གཞུང་བརྗེ་རེས་དམ་ཟབ་བྱས་ཏེ་མཛའ་མཐུན་གྱི་དམངས་འདོད་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས།
ཏན་སུའེ་ཡིས་བསྟན་དོན། འབར་མ་དང་ཀྲུང་གོའི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་པ་དང་སྤུན་ཟླའི་མཛའ་བརྩེ་ཟབ་མོ་ལྡན་ཡོད། སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་མཉམ་དུ་རྟེན་འབྲེལ་ཞུ་རྒྱུ་ཡིན། འབར་མ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བཅས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་རིམ་པ་ཁག་གི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་བར་ཁྱམས་སྒྲོམ་གཞིའི་འོག་གི་རྣམ་གྲངས་ཆེ་གྲས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཞིང་ལས་དང་། ནུས་ཁུངས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་འབར་ཀྲུང་གི་ལས་སྐལ་གཅིག་མཐུན་ཚོགས་པར་གྲུབ་འབྲས་སྔར་ལས་མང་པོ་ཐོབ་རྒྱུར་སྐུལ་འདེད་བཏང་ནས་འབར་མའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། འབར་མ་ཕྱོགས་ཀྱིས་འབར་མ་རུ་ཡོད་པའི་ཀྲུང་གོའི་ལས་གཞིའི་མི་སྣའི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ་དང་། འབར་མ་དང་ཀྲུང་གོའི་མཐའ་མཚམས་ཀྱི་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་ལས་བརྒལ་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ཟེར།
ཤ་བོ་གསེར་མཚོས་བསྒྱུར།