ཨུ་རུ་སི་དཀར་པོའི་ཙུང་ལིས་ཀྲུང་གོའི་བར་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་བྱེད་རྒྱུ་ཤུགས་སྣོན་འདོད་ཡོད་ཟེར།
2024.08.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཚེས14ཉིན། ཨུ་རུ་སི་དཀར་པོའི་ཙུང་ལི་ཀི་ལོ་ཧྥུའུ་ཆིན་ཁི་ཡིས་མེན་སི་ཁི་རུ་ཀྲུང་གོའི་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡི་ཧྲུའུ་ཀྲང་ལའོ་ཀྲའོ་ཧོས་དང་ཐུག་འཕྲད་བྱེད་སྐབས། ཨུ་རུ་སི་དཀར་པོ་ཀྲུང་གོའི་བར་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་བྱེད་རྒྱུ་འཐད་པ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་སྤྱི་ཡོངས་ཀྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ཟེར།

ཀི་ལའོ་ཧྥུའུ་ཆིན་ཁི་ཡིས་ཀྲུང་གོ་སྲིད་གཞུང་གིས་ཨུ་རུ་སི་དཀར་པོ་ཕྱོགས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ཐད་ལ་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས་ཤིང་། ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་རྒྱུན་སྲིང་བྱེད་པ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་རྒྱ་བསྐྱེད་པ། སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞིའི་མཉམ་ལས་ནང་ཧུར་ཐག་གིས་ཞུགས་རྒྱུར་འཐད་པ་ཡིན་ལ། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ཡིན་ཟེར། ལའོ་ཀྲའོ་ཧོས་ཀྱིས་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཨུ་རུ་སི་དཀར་པོ་ནི་ཀྲུང་གོའི་ཡིད་རྟོན་རུང་བའི་སྤུན་ཟླ་དང་གྲོགས་པོ་ཡིན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་གྱི་འཐབ་ཇུས་སྣེ་ཁྲིད་དང་སྐུ་དངོས་ཀྱིས་སྐུལ་འདེད་བཏང་བའི་འོག དུས་རབས་གསར་བའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་ཆུ་ཚད་མཐོ་བའི་འཁོར་སྐྱོད་རྒྱུན་སྲིང་བྱས་ཡོད། རྒྱལ་ཁབ་རྒྱལ་སྤྱིའི་མཉམ་ལས་ཧྲུའུ་ཡིས་ཨུ་རུ་སི་དཀར་པོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བཟང་པོ་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞི་དངོས་འབེབས་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱིས་རྒྱུན་ཆད་མེད་པའི་གྲུབ་འབྲས་གསར་ལེན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཉིན་དེར། ལའོ་ཀྲའོ་ཧོས་ཀྱིས་ད་དུང་ཨུ་རུ་སི་དཀར་པོའི་ཙུང་ལི་གཞོན་པ་དང་པོ་སི་ནོ་ཕུའུ་ཁི་ཧྥུའུ་དང་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱི་འཕེལ་རྒྱས་རོགས་སྐྱོར་དང་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞིའི་ཐད་ནས་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་ཤིང་། ཨུ་རུ་སི་དཀར་པོའི་དཔལ་འབྱོར་པུའུ་ཀྲང་ཆའེ་པའོ་ཐཱ་ལིས་དང་མཉམ་དུ་འཕེལ་རྒྱས་རོགས་སྐྱོར་དང་འབྲེལ་བའི་མཉམ་ལས་ཡིག་ཆ་བཀོད། ལའོ་ཀྲའོ་ཧོས་ཀྱིས་ཨུ་རུ་སི་དཀར་པོར་འཚམས་འདྲི་བྱེད་སྐབས་ད་དུང་འབྲེལ་ཡོད་རོགས་སྐྱོར་རྣམ་གྲངས་ཀྱི་ཡུལ་དངོས་སུ་རྟོག་ཞིབ་བྱས།

ཀྲུང་གོའི་ཨུ་རུ་སི་དཀར་པོའི་རྒྱུན་སྡོད་གཞུང་ཚབ་ཆེན་མོ་ཞེ་ཞའོ་ཡུང་གོང་གསལ་བྱེད་སྒོར་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།