སི་རི་ཡའི་ཤར་རྒྱུད་ཀྱི་ཨ་རིའི་དམག་དཔུང་རྟེན་གཞི་ཞིག་ལ་མེ་ཤུགས་འཕུར་མདེལ་གྱི་འཇལ་རྒོལ་ཐེབས།
2024.08.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཚེས13ཉིན་གྱི་དགོང་མོ་སི་རི་ཡའི་ཤར་རྒྱུད་ཀྱི་ཏེའར་ཙུའར་ཞིང་ཆེན་དུ་ཡོད་པའི་ཨ་རིའི་དམག་དཔུང་གི་ཁྲིམས་འགལ་རྟེན་གཞི་ཞིག་ལ་མེ་ཤུགས་འཕུར་མདེལ་གྱི་འཇབ་རྒོལ་ཐེབས།

གནས་ཚུལ་སྤེལ་བ་ལྟར་ན། འཇབ་རྒོལ་ཐེབས་པའི་ཨ་རིའི་དམག་དཔུང་གི་རྟེན་གཞི་དེ་ཏེའར་ཙུའར་ཞིང་ཆེན་ཁུའུ་ནུའུ་ཁུའུ་རང་བྱུང་སོལ་རླངས་ཀྱི་ཞིང་ཁ་ཞིག་ཏུ་ཡོད།

ཚེས13ཉིན།  སི་རི་ཡའི་སྨྱན་སྦྱོར“ཧྲ་མུའུ་ཟློས་སྒྲིག”གིས་སྤེལ་བའི་གནས་ཚུལ་ལྟར་ན།   “ཨ་རིའི་བཙན་བཟུང་དམག”བསྡད་ཡོད་པའི་ཁུའུ་ནུའུ་ཁུའུ་རང་བྱུང་སོལ་རླངས་ཀྱི་ཞིང་ཁར་ཉིན་དེའི་དགོང་མོར་མེ་ཤུགས་འཕུར་མདེལ4ཡི་འཇབ་རྒོལ་ཐེབས་པ་དང་། ཡུལ་དངོས་སུ་འབར་གས་ཀྱི་སྒྲ་དྲག་པོ་གྲགས་ཤིང་། དེའི་རྗེས་སུ་ཨ་རིའི་དམག་གི་ཐད་འཕུར་གནམ་གྲུ་དང་མི་མེད་གནམ་གྲུ་ཉེ་འགྲམ་གྱི་མཁའ་དབྱིངས་སུ་མངོན་བྱུང་ཟེར།

གཞན་ཡང་སྤྱི་ཁྱབ་པུའུ་དབྱིན་ཇིར་ཡོད་པའི“སི་རི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས”ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན།  ཡིའུ་ཧྥ་ལ་ཏིའི་གཙང་པོའི་ནུབ་འགྲམ་དུ་བསྡད་ཡོད་པའི་དམག་གིས་ཨ་རིའི་དམག་དཔུང་བཅའ་སྡོད་བྱས་པའི་ཁུའུ་ནུའུ་ཁུའུ་རང་བྱུང་སོལ་རླངས་ཞིང་ཁར་འཇབ་རྒོལ་བྱས་པ་དང་། མིག་སྔར་མི་སྣ་ཤི་རྨས་བྱུང་བའི་ཆ་འཕྲིན་བསྒྲགས་མེད།  ཨ་རིའི་དམག་དཔུང་གིས་འཇབ་རྒོལ་བྱེད་མཁན་དང་ཏེའར་ཙོའར་ཞིང་ཆེན་གྱི་ས་གནས་དེའི་དྲག་ཆས་མི་སྣ་སྡོད་ཡུལ་ལ་རྒོལ་ལན་སྤྲད།

2014ལོའི་ཟླ9པར།  ཨ་རི་སོགས་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་མནའ་འབྲེལ་བཙུགས་ནས་སི་རི་ཡ་དང་དབྱི་རག་མངའ་ཁོངས་ཀྱི་ཐལ་སྐྱོད་རྩ་འཛུགས“དབྱི་སི་ལན་རྒྱལ་ཁབ”ཀྱི་དམིགས་འབེན་ལ་མཁའ་དབྱིངས་ནས་ངོ་རྒོལ་བྱས་པ་རེད། 2015ལོའི་ལོ་མཇུག་ཏུ། ཨ་རིས་དམིགས་བསལ་དམག་དཔུང་སི་རི་ཡར་ལས་འགན་སྒྲུབ་པར་མངགས་ནས་སི་རི་ཡར་བཅའ་སྡོད་བྱེད་མགོ་བརྩམས་པ་རེད།  སི་རི་ཡ་སྲིད་གཞུང་གིས་ཐེངས་མང་པོར་གསལ་བསྒྲགས་སྤེལ་ནས་ཨ་རིའི་དམག་དཔུང་སི་རི་ཡའི་མངའ་ཁོངས་སུ་ཁྲིམས་འགལ་ངང་སྡོད་པ་མཇུག་བསྒྲིལ་རྒྱུའི་རེ་བ་བཏོན།

ན་ནིང་གི་ཟླ10པར། རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་བྱུང་པ་ནས་བཟུང་། སི་རི་ཡར་སྡོད་པའི་ཨ་རིའི་དམག་དཔུང་ལ་འཇབ་རྒོལ་ཡང་ཡང་ཐེབས་ཡོད།  “སི་རི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས”ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། ན་ནིང་གི་ཟླ10བའི་ཚེས19ཉིན་ནས་བཟུང་སི་རི་ཡར་སྡོད་པའི་ཨ་རིའི་དམག་དཔུང་ལ་རིམ་རྩིས་བྱས་ན་འཇབ་རྒོལ་ཐེངས136ཐེབས་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།