དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་མི་ཁྲི4ལྷག་ཙམ་རྐྱེན་ལམ་དུ་ཤོར།
2024.08.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཚེས15ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ན་ནིང་གི་ཟླ10པར་རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བ་ནས་བཟུང་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་མི་ཁྲི་བཞི་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་དགུ་དང་སྟོང་གཉིས་བཞི་བརྒྱ་དང་གཅིག་ལ་རྨས་ཕོག་ཡོད་ཟེར།

གསལ་བསྒྲགས་ནང་བཤད་རྒྱུར། འདས་ཟིན་པའི་ཆུ་ཚོད24ཡི་ནང་ཅ་ཧྲ་ས་ཁུལ་དུ་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ཁྲོད་མི40རྐྱེན་ལམ་དུ་ཤོར་བ་དང་། མི107ལ་རྨས་ཕོག་ཡོད་ཟེར།

གཞན་ཡང་ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་ཚེས15ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་གྱི་དམག་འཐབ་གནམ་གྲུས་ཉིན་དེར་ཅ་ཧྲ་གྲོང་ཁྱེར་ས་པུའུ་ལ་སྡེ་ཁུལ་གྱི་ཁང་པ་ཞིག་ལ་འབར་མདེལ་འཕངས་ནས་མི3རྐྱེན་ལམ་དུ་བཏང་བ་དང་། མི་འགའ་རྨས་ཡོད། དབྱི་སི་རལ་དམག་དཔུང་གིས་ད་དུང་ཧན་ཡིའུ་ཉི་སིའི་ཤར་རྒྱུད་དང་ཅ་ཧྲ་གྲོང་ཁྱེར་ཙའེ་ཐུང་སྡེ་ཁུལ་ལ་འབར་མདེལ་འཕངས་ཡོད་ཟེར།

དབྱི་སི་རལ་རྒྱལ་སྲུང་དམག་གིས་ཚེས15ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་དམག་གིས་ཅ་ཧྲ་ས་ཁུལ་དུ་མུ་མཐུད་དུ་འགུལ་སྐྱོད་སྤེལ་གྱི་ཡོད། འདས་པའི་ཉིན་གཅིག་གི་ནང་དབྱི་སི་རལ་དམག་དཔུང་གིས་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་རྨང་གཞིའི་སྒྲིག་བཀོད30ལྷག་ཙམ་བཤིག་པའི་ནང་འབར་རྫས་འཇོག་སའི་ཁང་པ་དང་། ས་འོག་གི་རྨང་གཞིའི་སྒྲིག་བཀོད། མཚོན་ཆ་གསོག་ཉར་སྒྲིག་བཀོད་བཅས་ཚུད་ཡོད་ཟེར།

དམག་འཁྲུག་ལས་ཅ་ཧྲ་ས་ཁུལ་གྱི་མི་ཆོས་གནོད་འཚེ་རྒྱུན་ཆད་མེད་པར་ཛ་དྲག་དུ་གྱུར་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ8པའི་ཚེས12ཉིན་བར་ཅ་ཧྲ་ས་ཁུལ་གྱི་ས་ཁུལ84%ཙམ་ལ་དབྱི་སི་རལ་དམག་ཕྱོགས་ཀྱིས་ཁ་འགྲེམས་བཀའ་རྒྱ་བཏང་བ་དང་། མིག་སྔར་ཅ་ཧྲ་ས་ཁུལ་གྱི་མི10རེའི་ནང་མི9རེ་ས་ཁོངས་ནང་ཡུལ་གྱར་དུ་གནས་ཡོད། ཟླ7པར་ཅ་ཧྲ་ས་ཁུལ་གྱི་མི་རེའི་ཆ་སྙོམས་ཆུ་མཁོ་འདོན་བྱེད་ཚད་དང་ཆུ་སྤྱོད་ཚད་ཉིན་རེར་ཧྲིན2ནས9བར་ཟིན་པ་དེ་ཛ་དྲག་གི་གནས་ཚུལ་འོག་ཉིན་རེར་ཧྲིན15ཡི་མི་ཆོས་རིང་ལུགས་ཀྱི་ཚད་གཞི་ལས་དམའ་བ་རེད། 

ན་ནིང་གི་ཟླ11པར་དབྱི་སི་རལ་དང་ཧ་མ་སིས་ཅ་ཧྲ་ས་ཁུལ་དུ་དུས་ཡུན་ཐུང་ངུའི་ནང་དམག་འཁྲུག་མཚམས་བཞག་པ་དང་བཀག་ཉར་མི་སྣ་ཁག་གཅིག་ཕན་ཚུན་གློད་འགྲོལ་བཏང་ཡོད། དེའི་རྗེས་འབྲེལ་ཡོད་གྲོས་མོལ་ལ་འཕེལ་རྒྱས་བྱུང་མེད་པ་རེད། རེས་སྐོར་གསར་པའི་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མོལ་དེ་ཟླ་འདིའི་ཚེས15ཉིན་འཚོག་རྒྱུའི་གཏན་འཁེལ་བྱས་ཡོད། ཚེས11ཉིན་ཧ་མ་སིས་གསལ་བསྒྲགས་སྤེལ་ནས་འདུམ་འགྲིག་ཕྱོགས་ཀྱིས་དེ་སྔའི་གྲོས་མོལ་བྱས་འབྲས་ཐད་དོན་འཁྱོལ་འཆར་གཞི་བཟོ་བ་དང་། དབྱི་སི་རལ་ལ་བཙན་ཤེད་ཀྱིས་ལག་བསྟར་བྱེད་དུ་འཇུག་པ་ལས་གྲོས་མོལ་སྔར་ལས་མང་པོ་བྱེད་པའམ་ཡང་ན་ཇུས་གཞི་གསར་པ་འདོན་མི་རུང་ཞེས་བླང་བྱ་བཏོན་པ་རེད། 

ཤ་བོ་གསེར་མཚོས་བསྒྱུར།