ཀྲུང་གོ་ཕྱོགས་ཀྱིས་ཡང་བསྐྱར་རྒྱ་མཚོ་དམར་པོའི་ཆུ་ཁོངས་ཀྱི་གྲུ་ལམ་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུའི་འབོད་སྐུལ་བཏང་།
2024.08.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་གཞོན་པ་ཀིན་ཧྲོང་གིས་ཚེས15ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཡེ་མེན་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་ནས།  ཡང་བསྐྱར་ཧུའུ་སའེ་དྲག་ཆས་ཀྱིས་རྒྱལ་ཁབ་ཁག་གི་ཚོང་གྲུ་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་རྒྱ་མཚོ་དམར་པོའི་ཆུ་ཁོངས་སུ་མཚོ་འགྲུལ་བྱེད་པའི་དབང་ཆར་བརྩི་འཇོག་བྱེད་པ་དང་། འབྲེལ་ཡོད་འཇབ་རྒོལ་བྱ་སྤྱོད་མཚམས་འཇོག་བྱས་ཏེ་རྒྱ་མཚོ་དམར་པོའི་ཆུ་ཁོངས་ཀྱི་གྲུ་ལམ་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བཏང་

ཀིན་ཧྲོང་གིས་བཤད་རྒྱུར། ཉིན་ཤས་གོང་ཡེ་མེན་སྲིད་གཞུང་དང་ཧུའུ་སའེ་དྲག་ཆས་ཀྱིས་དངུལ་རྩ་དང་མཁའ་འགྲུལ་གནད་དོན་ཐད་གྲོས་མཐུན་བཞག་པར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན། འབྲེལ་ཡོད་ཕྱོགས་སོ་སོས་དེར་དཔེ་བལྟ་བྱེད་པ་དང་། ཡེ་མེན་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ལ་དམིགས་ཏེ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་དང་། འགལ་རྐྱེན་སེལ་བ། ཕན་ཚུན་ཁ་གཏད་དུ་སྐྱོད་པ། བགྲོ་གླེང་བརྗེ་རེས་དང་གྲོས་མོལ་ལ་བརྟེན་ནས་འགལ་བ་སེལ་བ། མཉམ་དུ“མིས་གཙོ་ཁྲིད་དང་མི་ལ་དབང་བའི”ཁྱོན་ཡོངས་ཀྱི་ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མེན་གནད་དོན་གྱི་དམིགས་བསལ་ཕོ་ཉ་ཀི་ལུན་ཏི་པེ་ལི་ཡིས་འདུམ་འགྲིག་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་སོ་སོ་དང་ལྷག་པར་དུ་ཡེ་མེན་གྱི་གནས་བབ་ལ་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་ཀྱིས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཀྱིས་བཟོད་སྒོམ་བྱས་ནས་གནས་བབ་ཛ་དྲག་ཏུ་གཏོང་བའི་བྱ་སྤྱོད་སྤེལ་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་བ་ཡིན་ཟེར།

ཀིན་ཧྲོང་གིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མི་ཆོས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཞལ་འདེབས་དང་ལེན་གྱི་ཁས་ལེན་མགྱོགས་མྱུར་ངང་ལག་བསྟར་བྱེད་པ་དང་། ཡེ་མེན་གྱི་ཛ་དྲག་ཆེ་བའི་མི་ཆོས་གནས་བབ་ཞི་ལྷོད་དུ་གཏོང་རོགས་བྱ་རྒྱུའི་འབོད་སྐུལ་བཏང་བ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་དང་རྒྱུ་ནོར་ཡེ་མེན་དུ་བཀག་ཉར་བྱས་པར་དོ་ཁུར་ཆེན་པོ་བྱེད་པ་དང་། ཆ་རྐྱེན་མེད་པའི་སྒོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་ཚང་མ་འཕྲལ་མར་གློད་འགྲོལ་བཏང་ནས་འབྲེལ་ཡོད་རྒྱུ་ནོར་ཕྱིར་སྤྲོད་བྱེད་དགོས་པའི་རེ་འབོད་བྱ་རྒྱུ་ཡིན་ཟེར། 

ཀིན་ཧྲོང་གིས་ནན་གྱིས་བསྟན་དོན། ཡེ་མེན་གྱི་གནས་བབ་དང་རྒྱ་མཚོ་དམར་པོའི་གནས་བབ་དེ་ཅ་ཧྲའི་འཁྲུག་རྩོད་དང་འབྲེལ་བ་དམ་ཟབ་ཡོད། ཅ་ཧྲ་རུ་དམག་འཁྲུག་མཚམས་འཇོག་དཀའ་བ་དང་ལྡོག་ཕྱོགས་ཀྱི་ཕྱི་ལ་ཁྱབ་པའི་ཕན་འབྲས་ཀྱིས་ས་ཁུལ་གྱི་ཟང་ཟིང་ཆེ་རུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2712པ་དང་། 2720པ། 2728པ། 2735པ་བཅས་གང་མགྱོགས་ངང་དོན་འཁྱོལ་བྱས་ཏེ་ཅ་ཧྲ་རུ་རྒྱུན་སྲིང་དམག་འཁྲུག་མཚམས་འཇོག་རྒྱུ་མྱུར་དུ་མངོན་འགྱུར་བྱེད་པ་དང་། ཡེ་མེན་དང་རྒྱ་མཚོ་དམར་པོ་ཚུད་པའི་ས་ཁུལ་གྱི་ཛ་དྲག་གནས་བབ་སྔ་ཙམ་ནས་ཇེ་ཆུང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཆབ་སྲིད་ལ་བརྟེན་ནས་ཡེ་མེན་གྱི་གནད་དོན་ཐག་གཅོད་དང་། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སླར་གསོ། དབུས་ཤར་ས་ཁུལ་ཡུན་རིང་བདེ་འགོད་མངོན་འགྱུར་བཅས་བྱ་ཆེད་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས།

ཤ་བོ་གསེར་མཚོས་བསྒྱུར།