ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅོ་ལྔ་ཉིན་མཐའ་མཚམས་ས་ཁུལ་གྱི་དམག་དོན་བདེ་འཇགས་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་བཙུགས་པ་ཁྱབ་བསྒྲགས་བྱས། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་པའེ་ལའོ་ཝུའུ་སའོ་ཧྥུའུ་ཡིས་ཉིན་དེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་མར་མགོ་འཛིན་བྱས།
པའེ་ལའོ་ཝུའུ་སའོ་ཧྥུའུ་ཡིས་བཤད་རྒྱུར། ཁོས་རྒྱལ་སྲུང་པུའུ་རུ་མཐའ་མཚམས་ས་ཁུལ་གྱི་དམག་དོན་བདེ་འཇགས་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་འཛུགས་པའི་བཀའ་ཕབ་ཡོད་པ་དང་། འགན་སྒྲུབ་ཁྱབ་ཁོངས་དེ་པེའར་ཀི་ལའོ་ཏི་མངའ་སྡེ་དང་པུའུ་ལེང་སི་ཁི་མངའ་སྡེ། ཁའོ་འར་སི་ཁི་མངའ་སྡེ་བཅས་ཡིན། ཨུ་ཡོན་ལྷན་ཁང་དེ་འཛུགས་དོན་ནི་རྒྱལ་མཚམས་བརྟན་སྲུང་དང་། མཐའ་མཚམས་ས་ཁུལ་གྱི་རྒྱལ་ཁོངས་དང་མང་ཚོགས་ལ་སྲུང་སྐྱོབ་ཀྱི་ལས་འགན་ཡོད་པའི་དམག་དཔུང་ལ་ཕྱོགས་ཡོངས་འགན་སྲུང་འདོན་སྤྲོད་བྱེད་པའི་ལས་ཆོད་མཐོར་འདེགས་གཏོང་ཆེད་ཡིན།
མཐུན་སྦྱོར་ཨུ་ཡོན་ལྷན་ཁང་དེ་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་གཙོ་གཉེར་པུའུ་ཀྲང་གཞོན་པ་དང་། དམག་དོན་དོ་དམ་ལས་ཁུངས་ཀྱི་འགན་ཁུར་མི་སྣ། སྤྱི་ཁྱབ་དྲག་ཇུས་དམག་དཔོན་གྱི་འཐུས་མི་དང་། ཨུ་རུ་སིའི་མཐའ་མཚམས་ཀྱི་མངའ་སྡེ་གསུམ་གྱི་སྲིད་འཛིན་དཔོན་པོ་བཅས་ཀྱིས་གྲུབ་པ་རེད། མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གིས་གཟའ་འཁོར་གཅིག་ལ་ཆེས་ཉུང་ན་ཚོགས་འདུ་ཐེངས་གཅིག་འཚོགས་ཀྱིན་ཡོད།
ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཟླ་འདིའི་ཚེས་དྲུག་ཉིན་ཨུ་རུ་སིའི་ཁའོ་འར་སི་ཁི་མངའ་སྡེ་ལ་འཇབ་རྒོལ་བྱས། ཨུ་རུ་སིའི་རྒྱལ་ཁབ་འཇིགས་སྐུལ་ངོ་རྒོལ་ཨུ་ཡོན་ལྷན་ཁང་གིས་ཚེས་དགུ་ཉིན་བསྒྲགས་རྒྱུར། ཉིན་དེ་ནས་བཟུང་ཁའོ་འར་སི་ཁི་མངའ་སྡེ་དང་། པེའར་ཀི་ལའོ་ཏི་མངའ་སྡེ། པུའུ་ལེང་སི་ཁི་མངའ་སྡེ་བཅས་སུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ལམ་ལུགས་ལག་བསྟར་བྱེད་རྒྱུ་རེད།
ལྷ་མོ་འཚོས་བསྒྱུར།