ཚེས15ཉིན། སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། སུའུ་ཏན་སྲིད་གཞུང་གིས་སུའུ་ཏན་དང་ཆ་ཏི་བར་གྱི་ཨ་ཏི་ལེ་མཐའ་མཚམས་འགག་སྒོ་ཟླ་བ་གསུམ་ལ་ཕྱེས་ནས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་ཟོག་སུའུ་ཏན་གྱི་དགོས་མཁོ་ཡོད་པའི་མིའི་ལག་ཏུ་འབྱོར་ཐུབ་པར་འགན་ལེན་བྱེད་པར་གཏན་འབེབས་བྱས་ཡོད་ཟེར།
གསལ་བསྒྲགས་ལས་བཤད་རྒྱུར། སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱིའི་འགན་གཅིག་ལྕོགས་སུ་འཁུར་མཁན་པུའུ་འར་ཧན་གྱིས་ཉིན་དེར་མགོ་འཛིན་བྱས་ནས་བདག་དབང་ཨུ་ཡོན་ལྷན་ཁང་གི་འཆར་ཅན་ཚོགས་འདུ་བསྡུས་པ་དང་ཚོགས་འདུའི་སྟེང་གཏན་འབེབས་དེ་བཟོས་པ་རེད།
ཨ་ཏི་ལེ་མཐའ་མཚམས་འགག་སྒོ་ནི་སུའུ་ཏན་ནུབ་རྒྱུད་ཀྱི་སྐམ་ལམ་འགག་སྒོ་གལ་ཆེ་ཤོས་ཀྱི་གྲས་ཤིག་རེད། ད་ལོའི་ཟླ2པར་སུའུ་ཏན་སྲིད་གཞུང་གིས་འགག་སྒོ་དེ་བརྒྱུད་ནས་ཁྱིམ་མཚེས་རྒྱལ་ཁབ་ཆ་ཏེ་ནས་རྒྱལ་སྤྱིའི་མི་ཆོས་རོགས་སྐྱོར་དངོས་ཟོག་ཏའར་ཧྥུའར་ས་ཁུལ་དུ་དབོར་འདྲེན་བྱེད་རྒྱུ་གཏན་འགོག་བྱས་པ་དེའི་རྒྱུ་མཚན་ནི། སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ནས་གོ་མཚོན་དབོར་འདྲེན་བྱས་པས་རེད།
2023ལོའི་ཟླ4བའི་ཚེས15ཉིན། སུའུ་ཏན་དྲག་ཆས་དཔུང་སྡེ་དང་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེའི་བར་རྒྱལ་ས་ཁ་ཐུའུ་མུའུ་རུ་གདོང་ཐུག་དྲག་པོ་བྱུང་བ་དང་། དེའི་རྗེས་དམག་འཁྲུག་གི་མེ་ལྕེ་དེ་ས་ཁུལ་གཞན་དུ་ཁྱབ་ཡོད་པ་རེད། གདོང་ཐུག་བྱུང་བའི་དབང་གིས་སུའུ་ཏན་གྱི་མི་ཁྲི་གཅིག་དང་སྟོང་བརྒྱད་བརྒྱད་བརྒྱ་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་བྱེ་བ་གཅིག་དང་འབུམ་གཅིག་ཁྲི་བདུན་ལྷག་ཙམ་ཡུལ་འཁྱར་བྱེད་བཞིན་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།